ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ མཚོ་སྔོན་ཞིང་ཆེན་ཏང་ཨུའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཡུས་ཧྲུའུ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ནང་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་འགན་སྒྲུབ་བྱས་པའི2026ལོའི་ལོ་སྟོད་ཀྱི“མཚོ་སྔོན་གྱི་མི་བཟང་པོ”ཞེས་པའི་ཁྱབ་བསྒྲགས་མཛད་སྒོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྤྲིན་སྣེའི་ཕྱུགས་ར་རུ་བསྡུས། ཐེངས་འདིའི་བྱེད་སྒོ་ལས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྤུས་འདེགས་ནུས་སྐྱེད་ལ་དམིགས་ནས་ཞིང་ཆེན་ཡོངས་སུ་བྱུང་བའི་སྔོན་ཐོན་དཔེ་མཚོན་གཅིག་བསྡུས་སྒོས་བདམས་ནས་དྲིལ་སྒྲོག་བྱས་པ་དང་། སྤྱིར་བཏང་གི་ལས་གནས་དང་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཡ་རབས་སྤྱོད་བཟང་སྔོག་འདོན་ཟབ་མོ་བྱས་པར་མ་ཟད། ཤུགས་ཆེན་པོས་བཟང་བཀུར་དགེ་ཕྱོགས་དང་བཟང་བོར་དཔེ་ལྟ་བྱེད་པའི་དུས་རབས་ཀྱི་སྲོལ་གསར་དར་སྤེལ་བཏང་སྟེ། མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་དཔལ་ཡོན་བཟང་བོ་གསོ་སྐྱོང་དང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས།
ཁྱབ་བསྒྲགས་མཛད་སྒོ་ལས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་དམ་དུ་དམིགས་ཏེ་སྤྱོད་བཟང་ལྔ་སྲོག་ཤིང་དུ་བྱས་ནས་གཞན་ཕན་ལ་དགའ་བ་དང་དྲང་བདེན་སྲུང་བ། ཁ་དན་ཚིག་གནས། ལས་བཀུར་བྱས་རྗེས་འཇོག་པ། རྒན་བཀུར་གཉེན་གཅེས་བཅས་རིགས་ལྔ་ཡི་མཚོ་སྔོན་གྱི་མི་བཟང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས། བྱས་རྗེས་འགྲེམ་སྟོན་དང་ཡུལ་དངོས་ནས་བྱ་དགའ་སྟེར་བ། གཟེངས་བསྟོད་བྱེད་པ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཕྱོགས་ཡོངས་ནས་མིག་དཔེའི་མཛད་རྗེས་འགྲེམ་སྟོན་དང་ཉེ་འཁོར་གྱི་མི་བཟང་རྣམས་ལ་བསྟོད་བསྔགས་བྱས་པ་དང་། དུས་རབས་གསར་པར་མཚོ་སྔོན་གྱི་བུ་དང་བུ་མོས་མཐོ་སྒང་ལ་རྐང་འཛུགས་པ་དང་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ། ཡ་རབས་སྤྱོད་བཟང་ལ་བརྩོན་པ་བཅས་ཀྱི་བསམ་པའི་སྙིང་སྟོབས་མཚོན་པར་བྱས་ནས། བཟང་བཀུར་དགེ་ཕྱོགས་ཀྱི་སྤྱོད་བཟང་གིས་གཙང་བོའི་འབྱུང་ཡུལ་དུ་རྩ་བ་ཚུགས་པར་བྱས།
མཛད་སྒོའི་སྟེང་སྙན་ངག་གྱེར་འདོན་དང་རིག་རྩལ་འཁྲབ་སྟོན་སོགས་བྱས་ཏེ་མཐོ་སྒང་གི་བུ་དང་བུ་མོའི་བརྩོན་སེམས་དང་ལྷག་བསམ་ལ་བསྟོད་བསྔགས་བྱས་པ་དང་། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་པར་མ་ཟད། ནང་ཆེན་གྱི་ས་གནས་རིག་གནས་དང་ཡུལ་སྲོལ་བཟང་བོ་མངོན་པར་བྱས་ཏེ་ཡ་རབས་སྤྱོད་བཟང་ལ་བརྩོན་པའི་ཐོག་མའི་བསམ་འདུན་བརྒྱུད་སྤྲོད་བྱས།
མཛད་སྒོ་མཇུག་སྒྲིལ་རྗེས། ཡུལ་དངོས་སུ་ཡོད་པའི་མི་རྣམས་ཀྱིས“མི་བཟང་པོ་ང་ཚོའི་ཉེ་འཁོར་དུ་ཡོད”ཅེས་པའི་གླུ་གཞས་མཉམ་དུ་བླངས་ནས་དྲོད་སྐྱིད་དང་སེམས་ཤུགས་བསྐྱེད་པའི་དབྱངས་རྟ་དེ་གང་སར་ཁྱབ་པར་བྱས།