ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱིས་བློ་མཐུན་ཀྲུའུ་རུང་ཅི་སྐུ་གཤེགས་པ་བསྒྲགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྐྱོ་སྣང་ཆེན་པོས་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ཡུན་རིང་ཉམས་སེད་ཐེག་པའི་བློ་དཀར་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བཞི་པ་དང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ་བློ་མཐུན་ཀྲུའུ་རུང་ཅི་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར།  2026ལོའི་ཟླ8པའི་ཚེས12ཉིན་གྱི་དུས་ཚོད11དང་སྐར་མ06གི་སྟེང་པེ་ཅིན་དུ་སྐུ་གཤེགས། དགོང་ལོ་གོ་བརྒྱད་རེད། 

བློ་མཐུན་ཀྲུའུ་རུང་ཅི་ནི1928ལོའི་ཟླ10པར་འཁྲུངས་ཤིང་། ཧུའུ་ནན་ཁྲང་ཧྲའི་མི་རེད། 1948ལོའི་ཟླ12པར་གསར་བརྗེའི་བྱ་བར་ཞུགས། 1949ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།   ཁོ་རང་གཞོན་དུས་སུ་མེས་རྒྱལ་ལ་དགའ་ཞེན་ཆེ་བ་མ་ཟད།  སློབ་སྦྱོང་ལ་འབད་བརྩོན་དང་ཡར་རྒྱས་བརྩོན་ལེན་བྱས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ། 1947ལོ་ནས1951ལོའི་བར།  ཆིང་ཧྭ་སློབ་ཆེན་གློག་འཕྲུལ་སྡེ་ཁག་གི་གློག་འཕྲུལ་བཟོ་སྐྲུན་ཆེད་ལས་སློབ་སྦྱོང་བྱས་པ་མ་ཟད།“དམངས་གཙོའི་རིང་ལུགས་གསར་པའི་ན་གཞོན་མནའ་འབྲེལ”ནང་ཞུགས། 1951ལོ་ནས1952ལོའི་བར།  བྱང་ཤར་བཟོ་ལས་པུའུ་འཆར་འགོད་ཁྲུའུ་ཐོན་སྐྱེད་འཆར་འགོད་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། 1952ལོ་ནས1958ལོའི་བར། སྔ་རྗེས་སུ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་འབར་སྒུལ་ཅུས་དང་ཕྱོགས་བསྡུས་ཅུས་ཀྱི་ཚན་གཙོའི་འགན་དང་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞུང་ལས་ཁང་གི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས་པ་མ་ཟད། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་འཕྲུལ་ཆས་ཅུས་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།    1958ལོ་ནས1969ལོའི་བར།     སྔ་རྗེས་སུ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་ལས་ཞོར་སློབ་གྲྭའི་དགེ་རྒན་དང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཅུས་ཀྱི་བཟོ་བཀོད་པའི་འགན་བཞེས།  1970ལོ་ནས1975ལོའི་བར།  རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི“ལྔ་བདུན”ལས་བྱེད་སློབ་གྲྭར་ངལ་རྩོལ་བྱེད་པར་མངགས། 1975ལོ་ནས1979ལོའི་བར།   སྔ་རྗེས་སུ་རྡོ་སྣུམ་བཟོ་ལས་པུའུ་སྦུགས་ལམ་ཅུས་གློག་ཤུགས་འཕྲིན་གཏོང་བཟོ་བཀོད་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་བཟོ་བཀོད་ཀྲུའུ་རེན་གཞོན་པའི་འགན་བཞེས་པ་མ་ཟད།   ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་བཟོ་ལས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

1979ལོ་ནས1983ལོའི་བར། སྔ་རྗེས་སུ་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་འབར་འགུལ་ཅུས་ཀྱི་ཁྲུའུ་ཀྲང་དང་།  ཕྱོགས་བསྡུས་ཅུས་ཀྱི་ཅུས་ཀྲང་གཞོན་པ། ལག་རྩལ་བཅོས་བསྒྱུར་ཅུས་ཀྱི་ཅུས་ཀྲང་། རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས། 1983ལོ་ནས1987ལོའི་བར། སྔ་རྗེས་སུ་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཁོངས་མི། རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། 1987ལོ་ནས1991ལོའི་བར་སྔ་རྗེས་སུ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། ཁོང་གིས་ཧྲང་ཧའེ་ཡིས་བཟོ་ལས་གྲུབ་ཚུལ་ལེགས་སྒྲིག་དང་། འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་བསྐྱར་སྒྲིག རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ཆེ་རུ་བཏང་སྟེ་ཕྱིར་དམིགས་དཔལ་འབྱོར་གོང་དུ་སྤེལ་བའི་ལམ་བུར་བསྐྱོད་དགོས་པ་བཏོན་ནས། ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་དེ་དོན་དངོས་རང་བཞིན་གྱི་འགོ་རྩོམ་དུས་རིམ་དུ་སླེབས་པར་སྐུལ་འདེད་བཏང་སྟེ། ཧྲང་ཧའེ་གོམ་གང་མདུན་སྤོས་ཀྱིས་བསྒྱུར་བཅོས་སྒོ་འབྱེད་དང་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏང་། 1991ལོར། བློ་མཐུན་ཀྲུའུ་རུང་ཅི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་སྐྱེད་གཞུང་ལས་ཁང་གི་ཀྲུའུ་རེན། ཏང་ཙུའུ་ཧྲུའུ་ཅི་ཡི་འགན་བཞེས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་ཉོ་ཚོང་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅི་ཡི་འགན་གཅིག་ལྕོགས་སུ་བཞེས་ཏེ། འཕྲུལ་གློག་གི་ནུས་ཁུངས་དང་། ལྕགས་ལམ་འགྲིམ་འགྲུལ། ལྕགས་བཞུའི་རྫས་འགྱུར་བཟོ་ལས། ཡང་བའི་བཟོ་ལས་དང་འཁེལ་འཐག་བཟོ་ལས་སོགས་ལ་དོ་དམ་བྱས།  1992ལོའི་ཟླ10པར།  བློ་མཐུན་ཀྲུའུ་རུང་ཅི་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་བྱ་བའི་འགན་ཁུར། 1993ལོའི་ཟླ6པར་ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་གཙོའི་འགན་གཅིག་ལྕོགས་སུ་བཞེས། ཁོང་གིས་བློ་མཐུན་ཏེང་ཞའོ་ཕིན་གྱི་ལྷོ་ཕྱོགས་གླེང་མོལ་གྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་ཧུར་ཐག་གནང་ཏེ།  ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་།“བུ་ལོན་ཟུར་གསུམ”གཙང་བཤེར་བྱ་རྒྱུ་སྒྲིག་འཛུགས་གནང་ཏེ། འབྱུང་རྩ་གཙང་བཤེར་བྱ་རྒྱུར་གཞི་བཙུགས་ནས་ཁེ་ལས་ཀྱི་གཉེར་སྐྱོང་གསོན་ཤུགས་ཆེ་རུ་བཏང་། སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། ངོས་འཛིན་སྔར་ལས་གཅིག་གྱུར་བྱས་ཏེ། དཔལ་འབྱོར་འཕེལ་དྲགས་པ་བསྒྱུར་བ་དང་། དངུལ་ལོར་འགྲེམས་ཐལ་ཤོར་བར་ཚོད་འཛིན། “འཇམ་པོར་ཐང་དུ་འབབ་པ”མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་ཀ་འབོར་ཆེན་བསྒྲུབས། ནོར་ཁྲལ་སྒྲིག་ལམ་དག་ཐེར་ཤུགས་ཆེན་དང་།     ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། ཁྲལ་བསྡུའི་དོ་དམ་ལ་ཤུགས་སྣོན་པ། ནོར་ཁྲལ་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་ནས་དངུལ་རྩའི་སྙོམས་སྒྲིག་མ་ལག་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་ཀྱི་རིན་གོང་དང་ཉོ་ཚོང་གི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་བླང་བྱ་དང་མཐུན་པའི་འབྲུ་རིགས་ཉོ་ཚོང་སྒྲིག་སྲོལ་འཛུགས་པ་དང་། ཞིང་པ་རང་འཐད་ཀྱི་རྨང་གཞིའི་ཐོག་འབྲུ་འདེབས་དུད་ཆེན་གྱིས་འགན་གཙང་ལེན།  གཞི་ཁྱོན་འོས་འཚམ་ཡིན་པའི་གཉེར་སྐྱོང་འཕེལ་རྒྱས་བཏང་། 1997ལོའི་ཟླ9པར་བློ་མཐུན་ཀྲུའུ་རུང་ཅི་ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སླར་ཡང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་། 1998ལོའི་ཟླ3པར་རྒྱལ་ཡོངས་དམངས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག ཁོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས། ཡ་གླིང་དངུལ་རྩའི་ཉམས་ཉེན་དང་རྒྱལ་ནང་གི་ཞོད་སྐྱོན་ཆེན་པོའི་མདུན་དུ། ཁོང་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་གཟབ་ནན་འོས་འཚམ་གྱི་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པར་བསྒྱུར་ནས། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་པ་དང་། ཁྱབ་ཁོངས་གཙོ་གནད་བསྒྱུར་བཅོས་ཟབ་སྤེལ་བྱས་པས། དཔལ་འབྱོར་བརྟན་ལྷིང་དང་མགྱོགས་མྱུར་ངང་འཕར་སྣོན་ཡོང་བ་སྲུང་འཛིན་བྱས། ཐོན་ལས་གྲུབ་ཚུལ་དང་། ས་ཁུལ་གྱི་གྲུབ་ཚུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཚུལ་བཅས་ཁྱོན་ཡོངས་ནས་ལེགས་སྒྲིག་དང་། ལག་རྩལ་མཐོ་གསར་གྱི་ཐོན་ལས་དང་ལྷག་པར་དུ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བཅས་བྱས།

ཞིང་གསུམ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འབུར་དུ་ཐོན་སར་བཞག་ནས། ཡུལ་བབ་དང་བསྟུན་པར་ཞིང་ལས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ་དང་། ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་ལ་ཤུགས་བསྣན་ནས། མཁར་གྲོང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱིར་གཏོང་ལ་བསྔགས་སྐུལ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས། དམངས་སྒོར་གྱི་འཛའ་ཐང་མི་ཆག་པར་རྒྱུན་འཁྱོངས་དང་། ཁྲོམ་ར་སྣ་མང་ཅན་དུ་འགྱུར་བའི་འཐབ་ཇུས་དང་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པའི་འཐབ་ཇུས་ལག་བསྟར་བྱས། ཕྱི་རྒྱལ་གྱི་མ་དངུལ་འགུགས་འདྲེན་ཧུར་ཐག་བྱས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་སྔར་ལས་ལེགས་པོ་བྱས་ནས། ཞང་ཀང་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེ་རུ་བཏང་བ་དང་། ས་ཞིང་དང་གཏེར་རྫས་སོགས་ཀྱི་ཐོན་ཁུངས་ཀྱི་དོ་དམ་བྱེད་ཤུགས་ཇེ་ཆེ་རུ་བཏང་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་གཙོ་གནད་འབབ་རྒྱུད་དང་ཁུལ་ཁོངས་སོགས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱས། རྒྱལ་དབང་ཁེ་ལས་ཀྱི་ལས་བྲལ་ལས་བཟོ་བའི་གཞི་རྩའི་འཚོ་བའི་འགན་སྲུང་དང་། ལས་ཤོར་འགན་བཅོལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་བཅས་བཙུགས་ནས། ལས་བཟོ་བའི་གླ་ཕོགས་ཆད་འགྱངས་དང་ལས་བྲལ་ལས་བཟོ་བའི་ཡང་བསྐྱར་ལས་ཞུགས་སོགས་ཀྱི་གནད་དོན་ཤུགས་ཆེན་པོ་བཏོན་ནས་ཐག་གཅོད་བྱས། སྲིད་གཞུང་གི་འགན་ནུས་རྒྱུན་མཐུད་ངང་བསྒྱུར་བ་དང་། སྲིད་གཞུང་གི་སྒྲིག་གཞི་བཅོས་སྒྱུར་སྐུལ་འདེད་བཏང་ནས། སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེ་རུ་བཏང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་རྗེས། བློ་མཐུན་ཀྲུའུ་རུང་ཅིས་ད་རུང་ཀྲུང་དབྱང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། རྒྱལ་ཁབ་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་ཁབ་ཚན་རྩལ་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲི་ཆུའི་འགག་གསུམ་ལས་གཞིའི་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཏེ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་དང་། ཚན་རྩལ། སློབ་གསོ། ནུབ་རྒྱུད་གསར་སྤེལ་ཆེན་མོ། རྒྱལ་སྲུང་བཟོ་ལས་སོགས་ཀྱི་ཁྱབ་ཁོངས་སུ་སེམས་ཤུགས་ཆེན་པོ་བཏོན།

ཁོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་རིང་། ཀྲུང་གོ་ནི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་དུ་འགྱུར་བའི་འགག་རྩའི་དུས་སྐབས་སུ་ཁེལ་ཡོད། བློ་མཐུན་ཅང་ཙེ་མིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག ཁོང་གིས་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་གཙོ་སྐྱོང་གནང་བ་དང་། ཁྲལ་འཁྲི་དྲང་གཞག་དང་ཁྲལ་བསྡུའི་ལམ་ལུགས་སྟབས་བདེ་བཟོ་རྒྱུ་གཙོ་གནད་དུ་བཟུང་བའི་ཁྲལ་བསྡུའི་ལམ་ལུགས་བཅོས་སྒྱུར་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་གནང་། ཀྲུང་དབྱང་དང་ས་གནས་ཀྱི་དོན་གཅོད་དབང་ཆའི་དབྱེ་འབྱེད་ལུགས་མཐུན་བྱེད་པའི་རྨང་གཞིའི་ཐོག་གི་ཁྲལ་བགོ་ལམ་ལུགས་ཀྱི་ནོར་སྲིད་སྒྲིག་སྲོལ་ལག་བསྟར་བྱས་པ་དང་། ཞིང་སྡེའི་ཁྲལ་དངུལ་བཅོས་སྒྱུར་ཚོད་ལྟ་བྱས། ཁོང་གིས་ད་རུང་དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་དབྱང་དངུལ་ཁང་གི་འགན་ནུས་སྔར་ལས་ཚད་ལྡན་དུ་བཏང་སྟེ། ཚོང་ལས་དངུལ་ཁང་དང་། ཕྱི་རྒྱལ་གྱི་དངུལ་བརྗེ་ལམ་ལུགས། དངུལ་འཛིན་དང་དུས་བཅད་ཚོང་ཟོག་ཁྲོམ་ར་སོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བཏང་ནས། རྒྱལ་ཡོངས་གཅིག་གྱུར་སྒོ་འབྱེད་དང་། འགྲན་རྩོད་གོ་རིམ་ལྡན་པ། དོ་དམ་ནན་མོ་ཡིན་པའི་དངུལ་རྩའི་ཁྲོམ་རའི་མ་ལག་འཛུགས་པར་སྐུལ་འདེད་བཏང་། ཁོང་གིས་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་དེ་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས། རྒྱུ་ནོར་བདག་དབང་ཁ་གསལ་དང་། འགན་དབང་ངེས་གསལ། སྲིད་གཞུང་དང་ཁེ་ལས་སོ་སོར་འབྱེད་པ། དོ་དམ་བྱེད་སྟངས་ཚན་རིག་དང་མཐུན་པ་བཅས་ཀྱི་བླང་བྱ་ལྟར། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་བ་དང་། འཐབ་ཇུས་ཀྱི་ཐོག་ནས་རྒྱལ་དབང་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྲིག་གནང་བ་དང་རྒྱལ་དབང་ཁེ་ལས་བསྐྱར་སྒྲིག་གནང་། ངེས་པར་དུ་ཐབས་བརྒྱ་ཇུས་སྟོང་གིས་ལས་བྲལ་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ནས། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེ་རུ་བཏང་། ཁོང་གིས་སྡོད་ཁང་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྡོད་ཁང་བགོ་བཤའ་དངུལ་ལོར་ཅན་དུ་འགྱུར་རྒྱུ་རིམ་བཞིན་ལག་བསྟར་གནང་སྟེ། གོང་ཁེ་གོ་ཆོད་ཀྱི་སྡོད་ཁང་གཙོ་བོར་བྱས་པའི་རིམ་པ་མང་བའི་མཁར་གྲོང་སྡོད་ཁང་མཁོ་སྤྲོད་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་། ཁོང་གིས་འབྲུ་རིགས་འཁོར་རྒྱུག་སྒྲིག་སྲོལ་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། འཛའ་སྲུང་རིན་གོང་ལྟར་ཞིང་པའི་འབྲུ་ལྷག་གང་འདོད་ཉོ་སྒྲུབ་བྱེད་པ་དང་། རྒྱལ་དབང་འབྲུ་རིགས་ཉོ་ཚོང་ཁེ་ལས་ཀྱིས་རིན་གོང་བསྟུན་ནས་ཕྱིར་འཚོང་བྱེད་པ། འབྲུ་རིགས་ཉོ་སྒྲུབ་བྱེད་པའི་མ་དངུལ་བཀག་སྡོམ་གྱིས་འཁོར་སྐྱོད་བྱེད་པ་བཅས་ཁྱབ་སྤེལ་བཏང་སྟེ། བྲིན་འཚོང་བྱེད་ཁུལ་གཙོ་བོའི་འབྲུ་རིགས་ཉོ་སྒྲུབ་ཁྲོམ་ར་དང་རིན་གོང་རིམ་བཞིན་གློད་གྲོལ་བཏང་། ཁོང་གིས་ད་རུང་སྤྱི་ཚོགས་འགན་སྲུང་སྒྲིག་སྲོལ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ། དངུལ་གཏོང་དངུལ་བསྲེས་སྒྲིག་སྲོལ་སོགས་ཀྱི་བཅོས་སྒྱུར་གལ་ཆེན་རབ་དང་རིམ་པ་གཙོ་སྐྱོང་གནང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་གཞི་རྩའི་སྒྲོམ་གཞི་འཛུགས་པར་སྐུལ་འདེད་བཏང་། ཁོང་གིས་གཙོ་སྐྱོང་གནང་ནས་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་པའི་དཀའ་ཚེགས་ཆེ་བའི་གྲོས་མོལ་ལེགས་འགྲུབ་མཛད་དེ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། བློ་མཐུན་ཀྲུའུ་རུང་ཅིས་མང་ཚོགས་ལ་བརྩེ་དུང་ཟབ་མོ་བཅངས་ཏེ། སྲིད་གཞུང་གི་ལས་སྒྲུབ་མི་སྣས་རང་ཉིད་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པ་བློ་ལ་བརྟན་པོར་ངེས་ནས་སྐད་ཆ་དྲང་མོ་བཤད་ཕོད་པ་དང་། འགལ་རྩོད་ལ་མི་སྐྲག་པ། དམིགས་བསལ་ཅན་མི་བྱེད་པ། འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་རང་འགུལ་ངང་ཁུར་པོ་ལྗིད་པོ་འཁུར་བ་དང་། དཀའ་ངལ་ཁྱད་བསད་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་ལ་དོན་དངོས་སྒྲུབ་པར་སྐུལ་འདེད་བཏང་དགོས་ཞེས་ནན་གྱིས་བསྟན།

2003ལོའི་ཟླ3པར། བློ་མཐུན་ཀྲུའུ་རུང་ཅིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་མཚམས་བཞག འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་འཐེན་གནང་རྗེས། ཁོང་གིས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་ཆེན་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་།

བློ་མཐུན་ཀྲུའུ་རུང་ཅིས་ཡི་སྐུ་ཚེ་གང་བོ་ནི། གསར་བརྗེའི་མི་ཚེ་དང་། འཐབ་འཛིང་གི་མི་ཚེ། འོད་སྟོང་འབར་བའི་མི་ཚེ་བཅས་ཡིན་ལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་རང་སྲོག་ཕུལ་བའི་མི་ཚེ་ཞིག་ཀྱང་ཡིན། ཁོང་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུན་ཆེན་པོ་ཞིག་རེད། ང་ཚོས་སེམས་སྡུག་འདི་སྟོབས་ཤུགས་སུ་བསྒྱུར་ཏེ། ཁོང་གི་གསར་བརྗེའི་སྙིང་སྟོབས་དང་། བླ་ན་མེད་པའི་ཀུན་སྤྱོད། སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་དང་རང་རྟོན་བཞི་ཇེ་བརྟན། བརྟན་སྲུང་གཉིས་ལེགས་པར་སྒྲུབ་པ། ཡིད་ཆེས་བརྟན་པོར་བྱེད་པ་དང་བློ་སེམས་གཅིག་སྒྲིལ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

བློ་མཐུན་ཀྲུའུ་རུང་ཅི་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།