ལུའོ་ཏུང་ཁྲོན་གྱིས་སྐབས་ཉི་ཤུ་པའི་ཀྲུང་གོ་ཉི་ནུས་གློག་འདོན་ཚོགས་འདུར་ཞུགས་པའི་ཆེད་མཁས་འཐུས་ཚབ་པར་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་ནས་ཉི་ནུས་དྲོད་གློག་མཐུན་ཚོགས་ཀྱི་ལས་འཛིན་དཔོན་ཝང་ཀྲི་ཧྥིང་དང་། ཀྲུང་གོ་ཚན་རིག་གླིང་གློག་ལས་ཞིབ་འཇུག་ཁང་གི་འགོ་གཙོ་ལི་ཡའོ་ཧྭ་སོགས་སྐབས་ཉི་ཤུ་པའི་ཀྲུང་གོ་ཉི་ནུས་གློག་འདོན་ཚོགས་འདུར་ཞུགས་པའི་ཆེད་མཁས་འཐུས་ཚབ་པར་ཐུག་འཕྲན་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ཐེངས་དང་པོར་ཟི་ལིང་ནས་སྤེལ་བར་རྟེན་འབྲེལ་ཞུས་པ་དང་། ཆེད་མཁས་པ་དག་གིས་དུས་ཡུན་རིང་བོའི་ནང་མཚོ་སྔོན་འོད་དྲོད་ཐོན་ལས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར་ཏེ། ཉི་ནུས་གློག་འདོན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གློག་ནུས་མ་ལག་གསར་བ་བསྐྲུན་པ་དང་ནུས་ཁུངས་བདེ་འཇགས་འགན་སྲུང་བྱེད་པའི་འདེགས་སྐྱོར་གལ་ཆེན་དུ་བྱས་པར་མ་ཟད། ས་ཆུ་འཛོམས་པ་དང་ཉི་འོད་ཀྱིས་ཕྱུག་པ། རླུང་མང་བ། ས་རྒྱ་ཆེ་བ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་གཞི་བཙུགས་ཏེ། སྲིད་ཇུས་ཀྱི་གསར་གཏོད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ། ཐོན་ལས་ཀྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཐོན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་འོད་དྲོད་ཐོན་ལས་ཀྱི་སྔོན་ཐོན་གནས་བབས་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་བར་དམིགས་ནས། ལས་རིགས་གཅིག་པའི་རྩེར་སོན་ཚན་ཞིབ་སྟོབས་ཤུགས་དང་ཐོན་ལས་འབྲེལ་ཐག་གི་སྣེ་ཁྲིད་ཁེ་ལས་དང་ལག་གདང་སྦྲེལ་ཏེ། མཉམ་འབྲེལ་གྱིས་འོད་དྲོད་སྦྲེལ་ཐག་ཧྲིལ་བོའི་གནད་འགག་གི་ལག་རྩལ་འགག་སྒྲོལ་དང་། འོད་དྲོད་ཟུང་འབྲེལ་གྱི་ཕྱོགས་མང་མཉམ་འདྲེས་ཀྱི་བེད་སྤྱོད་ཡུལ་རྣམ་རྒྱ་བསྐྱེད་པ། སྟོབས་ཤུགས་ཡོད་རྒུས་རླུང་འོད་ཀྱི་རྟེན་གཞི་ཆེན་པོ་དང་། འོད་དྲོད་གློག་འདོན། ཚྭ་ཞུན་གློག་གསོག  སྒྲིག་ཆས་བཟོ་སྐྲུན་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཆ་ཚང་ལྗང་མདོག་གློག་ཁུངས་ཀྱི་ཚོད་ལྟའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་དང་། སྔར་ལས་མང་བའི་འདྲ་བཟོ་བྱས་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་མ་དཔེ་གྲུབ་པར་བྱས་ནས། ནུས་ཁུངས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

ཝང་ཀྲི་ཧྥིང་དང་། ལི་ཡའོ་ཧྭ་སོགས་ཚོགས་ཞུགས་སྐུ་མགྲོན་གྱིས་བསྟན་དོན། རང་ངོས་ཀྱི་ལག་རྩལ་དང་འཇོན་ཐང་མངོན་པའི་ལས་སྟེགས་ཀྱི་ཁྱད་ཆོས་ལ་བརྟེན་ནས། མགྱོགས་མྱུར་སྒོས་ལག་རྩལ་གྱི་མ་རྩ་ཇེ་ཉུང་དུ་གཏོང་བ་དང་། ཐོན་ལས་རྒྱ་བསྐྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པ། སྒུལ་ཤུགས་གསར་གཏོད་ལ་བརྟེན་ནས་འོད་དྲོད་ཐོན་ལས་ཀྱི་གཞི་ཁྱོན་ཅན་དང་ཁྲོམ་ར་ཅན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྔར་ལས་མང་བའི་འོད་དྲོད་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།