ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱའི་འཛུགས་སྐྲུན་དེ་ནུབ་རྒྱུད་ཕྱོགས་སུ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  སྒོ་འབྱེད་ཆེན་པོར་བརྟེན་ནས་གསར་སྤེལ་ཆེན་མོར་ཡར་སྐུལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་ཕྱི་ནང་གཉིས་ཀའི་སྒོ་འབྱེད་ཆུ་ཚད་ཇེ་མཐོ་རུ་གཏོང་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་རྒྱལ་གྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་འཛུགས་སྐྲུན་དེ་ནུབ་རྒྱུད་དུ་བསྲིངས་བ་དང་། བགྲོད་ལམ་དང་ལྟེ་བ། དྲ་རྒྱ་བཅས་ཀྱི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཏེ།  ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས།

ད་ལྟ།   ཕིང་ལུའུ་མིས་བཟོས་གཙང་པོས་ལམ་ཐིག་ཧྲིལ་པོའི་མཚོ་འགྲུལ་དངོས་སུ་ཚོད་ལྟ་བྱེད་འགོ་བརྩམས་ཤིང་། འདི་ནི་མཚོ་གྲུ་ཤར་གཏོང་མ་བྱས་སྔོན་གྱི་ཆེས་མཐའ་མཇུག་གི“རྒྱུགས་སྤྲོད”ཡིན་པ་རེད། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་བཟོ་སྐྲུན་ཡིན་པའི་ཆ་ནས།  ཟླ9པར།   ཕིང་ལུའུ་མིས་བཟོས་གཙང་པོར་མཚོ་གྲུ་ཤར་གཏོང་ཐུབ་རྗེས་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་དུ་སྐྱོད་པའི་སྐྱེལ་འདྲེན་བར་ཐག་ཐུང་ཤོས་དང་གྲོན་ཆུང་། སྟབས་བདེ་བཅས་ཀྱི་ཆུ་ཐོག་སྐྱེལ་འདྲེན་བགྲོད་ལམ་ཞིག་ཏུ་འགྱུར་ངེས། ནུབ་རྒྱུད་གསར་སྤེལ་ཆེན་མོར་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་གཏོང་རྒྱུ་ནི།    བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅིའི་རྟོག་ཞིབ་ཀྱི་ཞབས་རྗེས་ནུབ་རྒྱུད་ས་ཁུལ་དུ་ཁྱབ་ནས། ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་གནང་།   ནུབ་རྒྱུད་ཀྱི་འགྲིམ་འགྲུལ་དྲ་རྒྱར“ཞན་ཆ”མང་ལ།   སྒོ་འབྱེད་བགྲོད་ལམ་གྱི་ཤར་གཏོང་ཐོགས་མེད་མིན་པ། ལྟེ་གནས་འཛུགས་སྐྲུན་མཐུན་སྦྱོར་མིན་པ་སོགས་ཀྱི་ཞན་ཆར་དམིགས་ཏེ།    སྤྱི་ཁྱབ་ཧྲུའུ་ཅིས་ཕྱི་ནང་གི་བགྲོད་ལམ་དང་ཁུལ་ཁོངས་རང་བཞིན་གྱི་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།  རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཐུས་ཚང་དུ་གཏོང་བ།  ཕྱི་ཕྱོགས་སྒོ་འབྱེད་དང་ཕྱི་ལ་དམིགས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་གསལ་བོར་བཏོན།

སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཇུས་མཛུབ་ཁྲིད་ལྟར། རྒྱལ་ཁབ་ཀྱིས་སྔ་རྗེས་སུ《འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྩ་གནད》དང་། 《རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱའི་འཆར་འགོད་རྩ་གནད》སོགས་སྲིད་ཇུས་ཡིག་ཆ་བཏོན་ཏེ། ནུབ་རྒྱུད་ཀྱི་ཞན་ཆ་ཁ་གསབ་དང་། དྲ་རྒྱའི་ཁྱབ་རྒྱ་སྔར་བས་ཆེ་བ། བགྲོད་ལམ་སྦྲེལ་མཐུད་སྔར་བས་ཤར་གཏོང་། འགག་རྩའི་བྱེད་ནུས་སྔར་བས་ཆེ་བར་སྐུལ་འདེད་བཏང་སྟེ།   དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་འགྲིམ་འགྲུལ་གྱི་འགན་སྲུང་བརྟན་པོ་མཁོ་འདོན་བྱས། 

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་སྐྱེལ་འདྲེན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལི་ལེན་ཁྲེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་ནུབ་རྒྱུད་འགྲིམ་འགྲུལ་གྱི་ཞན་ཆ་ཁ་གསབ་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཞིང་། འགྲིམ་འགྲུལ་དྲ་རྒྱ་བརྟན་པོར་བཙུགས་ཏེ་མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱས་པ་དང་། གེགས་མེད་བགྲོད་ལམ་གྱིས་འགྲིམ་འགྲུལ་བར་ཁྱམས་དེ་དཔལ་འབྱོར་བར་ཁྱམས་སུ་བསྒྱུར་བ་དང་། འགག་གནད་ལེགས་བསྒྱུར་བྱས་ཏེ་སྒོ་འབྱེད་ཀྱི་སྟེགས་བུ་དང་འགྲིམ་འགྲུལ་གནད་ས་མཉམ་འདྲེས་ཟབ་མོ་བྱས་ནས།  ནུབ་རྒྱུད་ས་ཁུལ་གྱི་ཕྱི་ནང་སྦྲེལ་མཐུད་ཀྱི་དེང་རབས་ཅན་གྱི་འགྲིམ་འགྲུལ་མ་ལག་གང་མགྱོགས་ངང་འཛུགས་སྐྲུན་བྱས། 

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར།   ནུབ་རྒྱུད་གཞུང་ལམ་ལ་མ་དངུལ་གཏོང་ཚད་བརྟན་རླིང་ངང་མཐོ་རུ་ཕྱིན།  ད་ལྟ།   སི་ཁྲོན་ལེའང་ཧྲན་དང་ཡུན་ནན་ཀྲའོ་ཐུང་སྦྲེལ་མཐུད་བྱས་པའི་ཞིས་ཀྲའོ་མྱུར་བགྲོད་གཞུང་ལམ་དེ་ཏ་ལེའང་ཧྲན་གྱི་དཀྱིལ་དབུས་སུ་ཨར་ལས་བྱེད་བཞིན་པའི་སྒང་ཡིན་ལ།  ད་ལོར་རླངས་འཁོར་ཤར་གཏོང་ཐུབ་རྗེས་ས་གནས་གཉིས་ཀའི་བར་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་རྫོགས་ངེས། 

ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་དངུལ་གཏོང་ཞིས་ཀྲའོ་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ཁྱབ་བཟོ་བཀོད་པ་ཧྥེང་ཅན་ཕིང་གིས་བཤད་རྒྱུར། ད་ལོར་རླངས་འཁོར་ཤར་གཏོང་ཐུབ་རྗེས།   ཞིས་ཁྲང་ནས་ཀྲའོ་ཐུང་བར་བསྐྱོད་པའི་དུས་ཡུན་དུས་ཚོད8ནས་དུས་ཚོད3བར་ཇེ་ཐུང་དུ་འགྲོ་ངེས་ཡིན།  

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་རུ།  གསར་འགོད་པས་ནུབ་རྒྱུད་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་དྲ་རྒྱའི་པར་རིས་ཤིག་མཐོང་། གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཆིག་འབུམ་ལྷག་ཡོད་པའི་གྲོང་ཁྱེར་དང་རྫོང་གི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཚད་དེ། ལོ་ལྔའི་སྔོན་གྱི95%ནས་ད་ལྟའི99%ཡན་དུ་འཕར།  

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཁྲོམ་རའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཝུའེ་ཅི་ཀང་གིས་བཤད་རྒྱུར། འཕར་སྣོན་འདིའི་བརྒྱ་ཆའི་བཞི་ནི་གཙོ་བོ་ནུབ་རྒྱུད་ཀྱི་གཞུང་ལམ་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། ནུབ་རྒྱུད་ཀྱི་རི་ཁུལ་དང་ཐག་རིང་ལུང་ཁུག་གི་རྫོང་ཁོངས་སུ་ཤར་བགྲོད་ཐུབ་ཚད་ཇེ་མཐོར་གཏོང་རྒྱུ། མཉམ་སྦྲེལ་མཉམ་མཐུད་ཡོང་བར་སྐུལ་འདེད་དང་།  སྐྱེལ་འདྲེན་གྱི་གྲུབ་ཚུལ་ལེགས་བསྒྱུར་བཅས་བྱས་ཏེ། སྐྱེལ་འདྲེན་གྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུར་དམིགས་ཡོད། 

ཁུལ་ཁོངས་ལས་བརྒལ་བའི་ལྕགས་ལམ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ།  ངར་ལྕགས་ཀྱི་འཕར་རྩ་རེ་རེས་རི་བོ་དང་རྒྱ་མཚོ་སྦྲེལ་ཞིང་། མཚོ་བོད་དང་། ལྷ་ས་ནས་ཉིང་ཁྲི། ལྷ་ས་ནས་གཞིས་ཀ་རྩེ་བཅས་ཀྱི་ལྕགས་ལམ་གྱིས་མཐོ་སྒང་ལྕགས་ལམ་གྱི་སྒྲོམ་གཞི་བསྐྲུན་ཞིང་། གཞུང་ལམ་གྱི་དྲ་རྒྱ་བརྟན་པོ་བཙུགས་པ་དང་གཞུང་ལམ་རྒྱ་བསྐྱེད་དེ།  ལམ་ཐིག་གསར་པ་རྒྱུན་མི་ཆད་པར་རྒྱ་བསྐྱེད་ནས།  གངས་ལྗོངས་མཁའ་ལམ་གྱིས་མུ་མཐུད་དུ་མཐའ་མཚམས་དང་སྐམ་སའི་བར་ཐག་ཇེ་ཉེ་རུ་བཏང་།  

བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལ་སྟོད་ཞང་འཕྲང་པ་སྡེ་བའི་སྡེ་མི་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། ད་ལྟ། ང་ཚོའི་ཁྱིམ་གསར་ལྕགས་ལམ་གྱི་འགྲམ་དུ་ཡོད་པས། ལྷ་སར་འགྲོ་ན་ཧ་ཅང་སྟབས་བདེ་རེད། འགྲིམ་འགྲུལ་ཇེ་བདེ་སོང་བས་ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན།  

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ནུབ་རྒྱུད་ལྕགས་ལམ་གྱི་ལས་གཉེར་ལམ་ཐག་ལོ་ལྔའི་རིང་སྤྱི་ལེ་ལྔ་ཁྲི་དགུ་སྟོང་ཆིག་བརྒྱ་ནས་སྤྱི་ལེ་དྲུག་ཁྲི་བདུན་སྟོང་སུམ་བརྒྱའི་བར་ཇེ་མང་དུ་ཕྱིན་ལ།  དེས་རྒྱལ་ཡོངས་ལྕགས་ལམ་གྱི་སྤྱིའི་ལམ་ཚད་ཀྱི་བཅུ་ཆའི་བཞི་ལྷག་ཟིན།  

སྐམ་སའི་ལམ་དྲ་འཐུས་ཚང་དུ་བཏང་བ་མ་ཟད།  མཁའ་ལམ་གྱི་འཛུགས་སྐྲུན་ཀྱང་་ཇེ་མགྱོགས་སུ་བཏང་སྟེ།  གནད་འགག་གི་སྒུལ་ནུས་བསྟུད་མར་ཇེ་དྲག་ཏུ་ཕྱིན།  ཁུན་མིང་ཁྲང་ཧྲུའེ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ཇེ་མགྱོགས་སུ་བཏང་ལ། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་འཛམ་གླིང་གི་མཐོ་སྒང་རྒྱུག་ལམ་མང་བའི་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་གཉིས་པར་གྱུར་ནས། མྱུར་བགྲོད་ལྕགས་ལམ་དང་ས་འོག་ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་གནས་གཅིག་ཏུ་མཉམ་དུ་རླངས་འཁོར་བརྗེ་པར་མངོན་འགྱུར་བྱ་རྒྱུ་དང་།  ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་ཀྱི་དུས་ཚོད1གི་མཁའ་འགྲུལ་མུ་ཁྱུད་མགྱོགས་མྱུར་ངང་གྲུབ་པ། ནུབ་རྒྱུད་ཀྱི་འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན“ནང་སྦྲེལ་ཕྱི་སྐྱོད”ཀྱི་སྒོ་འབྱེད་རང་བཞིན་གྱི་འགག་རྩའི་དྲ་རྒྱའི་ཕྱོགས་སུ་མགྱོགས་མྱུར་ངང་རིམ་སྤོར་བྱེད་བཞིན་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཕྱོགས་བསྡུས་འཆར་འགོད་སིའི་སི་ཀྲང་གཞོན་པ་ལིའུ་ཏུང་གིས་བཤད་རྒྱུར། ང་ཚོས་མ་ལམ་གྱི་བགྲོད་ལམ་ཆེན་པོ་དང་མཇུག་སྣེའི་ལམ་དྲ།  ཟོག་འདྲེན་ལྟེ་གནས་བཅས་དུས་མཉམ་དུ་འཐུས་ཚང་ཡོང་བའི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་བཏང་སྟེ། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་སོགས་ཕྱི་ཕྱོགས་ཀྱི་མ་ལམ་གཙོ་བོ་ཤར་གཏོང་དང་།  ཞིང་སྡེའི་མཐའ་སྣེའི་ལམ་དྲ་ཁ་གསབ་བྱས་པ་དང་ཆབས་ཅིག   ཐོན་ལས་གླིང་ཁུལ་གྱི་ཟོག་འདྲེན་ས་ཚིགས་སྦྲེལ་མཐུད་བྱས་ནས།   ནུབ་རྒྱུད་ཀྱི་འགྲིམ་འགྲུལ་དྲ་རྒྱས་གནས་སོ་སོར་ཤར་གཏོང་ཐུབ་པ་མ་ཟད།   ཐོན་ཁུངས་སྔར་བས་ཕན་ནུས་ལྡན་པའི་སྒོ་ནས་འཁོར་རྒྱུག་ཐུབ་པར་བྱས། 

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་རང་རྒྱལ་གྱིས་མུ་མཐུད་དུ་ཞིན་ཅང་ནས་བོད་དུ་སྐྱོད་པ་དང་། མཐའ་མཚམས་དང་། མཚོ་རྒྱུད། གཙང་རྒྱུད་སོགས་ཁུལ་ཁོངས་ལས་བརྒལ་བའི་བགྲོད་ལམ་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 2030ལོར་སླེབས་དུས། “འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་གྱི་སྒྲོམ་གཞི་གཙོ་བོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་གཙོ་བོར་ཁྱབ་པ་དང་ལྕགས་ལམ་གྱི་ལམ་དྲ་དེ་བས་རྒྱ་ཆེ་བའི་དབུས་སུ་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་པ། མཐོ་རིམ་གཞུང་ལམ་དེ་ནུབ་རྒྱུད་ཀྱི་རྫོང་རིམ་པ་དང་དེའི་ཡན་གྱི་སྲིད་འཛིན་ཆུས། གཙོ་གནད་གྲོང་རྡལ་བཅས་ལ་གཞི་རྩའི་ཆ་ནས་ཁེབས་པ། ཡན་ལག་སྐྱེལ་འདྲེན་གནམ་གྲུ་ཐང་གི་ཞབས་ཞུ་གཞི་རྩའི་ཐོག་ས་ཁུལ་རིམ་པའི་སྲིད་འཛིན་ཆུས་སུ་ཁྱབ་པར་བྱ་དགོས། ནུབ་རྒྱུད་འགྲིམ་འགྲུལ་ཐད“གཞི་རྩའི་སྦྲེལ་མཐུད”ནས“ནུས་ཆེའི་ཁྱབ་གདལ”དུ་བསྐྱོད་དེ་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁུལ་ཁོངས་དཔལ་འབྱོར་བཀོད་སྒྲིག་ཐད་སྒུལ་ཤུགས་སྣོན་བཞིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།