ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས10ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི《རྡོ་སོལ་བཟོ་ལས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》ནང་།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་རྡོ་སོལ་གསར་སྤེལ་གྱི་གྲུབ་ཚུལ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། རྡོ་སོལ་མཁོ་སྤྲོད་འགན་ལེན་རྟེན་གཞི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ས་ཁུལ་ལས་བརྒལ་བའི་རྡོ་སོལ་གཏོང་འདྲེན་གྱི་རྣམ་པ་འཐུས་ཚང་དུ་གཏོང་རྒྱུ་རེད། དུས་མཚུངས་སུ་རྡོ་སོལ་ཐོན་ཁུངས་གསར་སྤེལ་གྱི་ཆོག་འཐུས་ཚད་གཞི་མཐོ་རུ་གཏོང་བ་དང་། སྤུས་ལེགས་དང་སྔོན་ཐོན་གྱི་ཐོན་ནུས་འཕེལ་རྒྱས་ཧུར་ཐག་གཏོང་བ། རྗེས་ལུས་དང་ཕན་ནུས་མེད་པའི་ཐོན་ནུས་ཕྱིར་འཐེན་བྱེད་པར་སྐུལ་འདེད་གཏོང་བ། དྭངས་གཙང་དང་ཕན་ནུས་ཆེ་བའི་སྒོ་ནས་རྡོ་སོལ་གསར་སྤེལ་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ། རྡོ་སོལ་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་པ། རྡོ་སོལ་འཛད་སྤྱོད་བདེ་བླག་ངང་རྩེར་སོན་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

2030ལོར་བསླེབས་སྐབས། རྡོ་སོལ་གྱི་རྨང་གཞིའི་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། སྤུས་ལེགས་སྔོན་ཐོན་ཐོན་ནུས་ཀྱི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་བ། རྒྱལ་ཡོངས་ཀྱི་དེང་རབས་ཅན་གྱི་རྡོ་སོལ་གཏེར་ཁ་ཆེ་གྲས་ཀྱི་ཐོན་ནུས་བསྡུར་ཚད87%བར་མཐོ་རུ་གཏོང་བ། རིག་ནུས་ཅན་གྱི་རྡོ་སོལ་གཏེར་ཁའི་ཐོན་ནུས་བསྡུར་ཚད75%བར་མཐོ་རུ་གཏོང་བ། རྡོ་སོལ་ཆགས་རིམ་གྱི་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར260ཟིན་པ་བཅས་བྱས་ནས་དེང་རབས་རྡོ་སོལ་ཐོན་ལས་ཀྱི་མ་ལག་གཞི་རྩའི་ཆ་ནས་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ་རེད། །