ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐྱེ་ཁམས་ཁོར་ཡུག་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་སོགས་སྡེ་ཚན་གྱིས་ཉེ་སྔོན་མཉམ་འབྲེལ་སྒོས་དཔར་འགྲེམ་བྱས་པའི《སྐྱེ་ཁམས་སྲུང་སྐྱོང་གི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》ནང་། 2030ལོར་བསླེབ་སྐབས་སྐྱེ་ཁམས་བར་མཐོངས་ཀྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་སྤུས་ཚད་བརྟན་རླིང་ངང་ཇེ་ལེགས་སུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་ཉམས་པའི་རྣམ་པ་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་བ། སྤུས་ལེགས་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་རླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལྟ་སྐུལ་དོ་དམ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ནུས་ལྡན་ངང་འགན་ལེན་བྱ་རྒྱུ་རེད།
འདི་ནི་གསར་འགོད་པས་ཚེས11ཉིན་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
འཆར་འགོད་དེའི་ནང་ད་དུང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་ཞིབ་ཕྲའི་དམིགས་ཚད་མང་པོ་བཏོན་པའི་ནང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐམ་སའི་ས་ཁོངས་རྒྱ་ཁྱོན་གྱིས་སྐམ་སའི་ས་ཁོངས་རྒྱ་ཁྱོན་ནང་བཟུང་བའི་བསྡུར་ཚད18%ལས་མི་དམའ་བ་དང་། སྐྱེ་ཁམས་སྤུས་ཚད་སྟོན་གྲངས(EQI)86.5བར་མཐོ་རུ་གཏོང་བ། ས་ཆུ་སྲུང་འཛིན་བྱེད་ཚད74%ཡན་ལ་སླེབས་པ། ནགས་ཚལ་ཁེབས་ཚད25.8%ཟིན་པར་བྱ་རྒྱུ་བཅས་ཚུད་ཡོད།
འཆར་འགོད་ནང་། སྐྱེ་ཁམས་བར་མཐོངས་ཀྱི་ཆགས་སྟངས་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ས་ཁོངས་ལ་གཞི་རྩའི་ཆ་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། རང་བྱུང་སྲུང་སྐྱོང་ས་ཁུལ། གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྔོན་སྤེལ་ས་ཁུལ། དེ་བཞིན“བྱང་གསུམ”ལས་གྲྭའི་ཁུལ་སོགས་ཁྱབ་པར་བྱ་རྒྱུ་ཡིན་པ་གསལ་བོར་བཏོན་ཡོད།
འཆར་འགོད་ནང་རྩྭ་ཐང་དང་། ནགས་ཚལ། གཙང་པོ། མཚེའུ། འདམ་ར་སོགས་སྲུང་སྐྱོང་བྱ་རྒྱུའི་ཐད་གཏན་འབེབས་བྱས་པ་དང་འབྲེལ་གདོད་མའི་བྱེ་ཐང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཁྱགས་རོམ་དང་གངས་རི། འཁྱགས་སའི་མ་ལག་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། དཔེ་མཚོན་གྱི་རྒྱ་མཚོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱ་རྒྱུར་ཤུགས་བསྣན་ནས་རྒྱ་མཚོ་སྐམ་སར་བསྒྱུར་བར་ཚོད་འཛིན་ནན་མོ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་འཆར་འགོད་ནང་གྲོང་ཁྱེར་གྱི་སྤང་ལྗོངས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་གླིང་དང་སྤང་ལྗོངས་སྒོ་དབྱེའི་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་འདམ་རའི་སྐྱེ་ཁམས་དང་ཆུའི་ཁོར་ཡུག་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཆུ་གཟུགས་ཆུང་གྲས་ཀྱི་ཆུའི་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་རི་ཞིང་དང་། གཙང་པོ། མཚེའུ་བཅས་ཀྱི་འདམ་རའི་གདོད་མའི་རྣམ་པར་སྲུང་སྐྱོང་བྱེད་པ། ཤང་གྲོང་ལྗང་བསྒྱུར་མཛེས་སྒྱུར་ལག་བསྟར་བྱེད་པ། སྔོན་ལ་ས་གནས་ཤིང་སྡོང་འཛུགས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།
འཆར་འགོད་ནང་ད་དུང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། སྐྱེ་ཁམས་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་ལ་ལྟ་སྐུལ་དང་ཁྲིམས་འཛིན་བྱེད་ཤུགས་གཟབ་ནན་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཡོད། །