ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། ཚེས10ཉིན་བར་དུ། ལྷོ་ཆུ་བྱང་འདྲེན་གྱི་ལས་གཞིས་བྱང་ཕྱོགས་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར900ལྷག་ཙམ་དྲངས་པ་དེས་ཧོ་ནན་དང་ཧོ་པེ། ཐེན་ཅིན། པེ་ཅིན་བཅས་ཀྱི་མི་གྲངས་དུང་ཕྱུར1.18ཙམ་ལ་ཕན་ཐོགས་པ་དང་། ལམ་རྒྱུད་གྲོང་ཁྱེར་ཆེན་པོ27དང་རྫོང(གྲོང་ཁྱེར)ཁུལ243ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཆུའི་ཐོན་ཁུངས་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
ལོ་ངོ12ཡི་རིང་ལ། ལྷོ་ཆུ་བྱང་འདྲེན་གྱི་ལས་གཞིས་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་། མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་འགན་སྲུང་། མཚེའུ་གཙང་པོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ། ཤར་ལྷོ་ནུབ་གསུམ་གྱི་དཔལ་འབྱོར་འཁོར་རྒྱུག་སྦྲེལ་མཐུད་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་ཆུ་ཡི་བདེ་འཇགས་ལ་འགན་སྲུང་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
ལས་གཞི་ལ་ཆུ་དྲངས་བ་ནས་བཟུང་། ཆུ་མཁོ་སྤྲོད་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་། ས་ཁུལ་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཆུ་མཁོ་འདོན་བྱེད་སྟངས་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད། པེ་ཅིན་ལྟེ་བའི་ཆུས་ནང་བེད་སྤྱོད་བྱེད་པའི་ཆུའི་ཁྲོད་ཀྱི"ལྷོ་ཆུ"ཡིས80%ཟིན་པ་དང་། ཐན་ཅིན་གྲོང་ཁྱེར་ལྟེ་གནས་ཁུལ་གྱི་ཆུ་ཚང་མ་ནི་ལྷོ་ཆུ་བྱང་འདྲེན་ལས་གཞིར་བརྟེན་ཡོད། ཧོ་པེ་ཞིང་ཆེན་གྱིས་ཆུ་ལེན་མཁན་མི་འབོར་ཕལ་ཆེར་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་འབོར70%ཟིན་ཡོད། ཆུ་ལེན་པ་རྣམས་ཀྱིས་མུ་མཐུད་དུ་གྲོང་གསེབ་གཅིག་གྱུར་ཅན་འཛུགས་སྐྲུན་བྱས་པ་བརྒྱུད་དེ། ཞིང་སྡེའི་སྡོད་དམངས་ཀྱི་འཐུང་ཆུའི་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་བཏང་ཡོད།
ཆུའི་སྤུས་ཚད་ཐད་ནས། ལྷོ་ཆུ་བྱང་འདྲེན་གྱི་ཆུའི་སྤུས་ཚད་ས་ངོས་ཆུ་རིགས་གཉིས་པ་ཡན་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཡོད་ཅིང་། ལམ་རྒྱུད་མི་དམངས་ལ་ཆུ་བཟང་པོ་དང་ཆུ་གསོན་པོ་ཁྱེར་ཡོང་ཡོད།
སྐྱེ་ཁམས་ཁ་གསབ་བྱས་པ་བརྒྱུད། ཧྭ་བྱང་ས་ཁུལ་གྱི་ས་འོག་ཆུ་གནས་ཡུན་རིང་མར་ཆག་འགྲོ་བའི་འཕེལ་ཕྱོགས་རྩ་བ་ནས་ཟློག་ཐུབ་ཡོད། ཧྥུ་དབྱང་ཆུ་བོ་དང་། ཆི་ལི་ཆུ་བོ། ཧུའུ་ཐོ་ཆུ་བོ་སོགས་གཙང་པོ50ཡོངས་སུ་བཞུར་རྒྱུན་མི་ཆད་པ་ཆགས་ཤིང་། ཡུང་ཏིང་ཆུ་བོ་བསྟུད་མར་ལོ་འཁོར་མོར་འབབ་རྒྱུན་གནས་པ་དང་། ཧྭ་བྱང་ས་ཁུལ་གྱི་མཚོ་རྫིང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱུང་ཡོད།
གཞན་ཡང་། ལྷོ་ཆུ་བྱང་འདྲེན་གྱི་ལས་གཞིས་ཆུ་ལེན་སའི་ས་ཁོངས་ཀྱི་ཆུའི་ཐེག་ནུས་ཇེ་ཆེར་བཏང་བ་དང་། ཐན་སྐྱོན་འགོག་པ་དང་ལོ་ཏོག་སྲུང་སྐྱོབ་བྱ་རྒྱུར་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པར་གནད་འགག་ཆེ་ཤོས་ཡིན་པའི་ཆུ་ཁུངས་མཁོ་སྤྲོད་བྱས་ཡོད་ལ། དུས་མཚུངས་སུ་གྲོང་ཁྱེར་གོང་འཕེལ་དང་ཐོན་ལས་བཀོད་པ་ལེགས་སྒྲིག་ཐད་བར་སྟོང་ཡངས་པོ་བསྐྲུན་ཡོད།
ལས་གཞི་འཁོར་སྐྱོད་དོ་དམ་གྱི་ཆ་ནས། ལག་རྩལ་གཙོ་བོ་རང་བདག་ཚོད་འཛིན་ཐུབ་པ་མངོན་འགྱུར་བྱུང་ཡོད། ཁྱོན་བསྡོམས་ཉེན་ཟོན་ལྟ་ཞིབ་ས་ཚིགས་ཁྲི10ལྷག་དང་གཞི་གྲངས་བསྡུ་རུབ་ཡོ་བྱད5000ལྷག་བཀོད་སྒྲིག་བྱས། གྲངས་འཛིན་འདྲ་བཟོ་ཆུ་འདྲེན་གཏོང་མ་ལག་བསྐྲུན་པ་དེས་ཉེན་ཁ་སྔོན་འགོག་དང་། ཆར་ཞོད་དུས་སུ་འབྲུབ་འགོག་བྱེད་པ། འཁྱགས་རོམ་དུས་སྐབས་སུ་ཆུ་འདྲེན་པ་སོགས་ཀྱི་གནས་ཚུལ་ཁྲོད་ཕན་འབྲས་དངོས་ཐོབ་ཡོད། །