རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ578བསྐྲུན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ8པའི་ཚེས10ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ578བསྐྲུན་པ་དང་། ལོ་མང་རིང་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་བརྒྱུད་དཔེ་སྟོན་ཁུལ་གྱི་སྐུལ་ཁྲིད་ནུས་པ་ཉིན་བཞིན་མངོན་གསལ་དུ་ཕྱིན་པ་དང་། བདེ་ཐང་གི་རྒྱབ་སྐྱོར་རང་བཞིན་གྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

ད་ལོར་དཔེ་སྟོན་ཁུལ་དུ་གསར་དུ་བདམས་པའི་ཧྲན་ཏུང་ཞིང་ཆེན་ཅི་ཉིང་གྲོང་ཁྱེར་རེན་ཁྲེང་ཆུས་ཀྱིས་དམངས་ཡོངས་ཀྱི་བདེ་ཐང་ལ་རྒྱབ་སྐྱོར་རང་བཞིན་གྱི་ཁོར་ཡུག་རིགས12བཏོད་དེ། བདེ་ཐང་སྡེ་ཁུལ(གྲོང་ཚོ)260བསྐྲུན་ནས་རང་འདེམས་བདེ་ཐང་ཞིབ་དཔྱད་ཚད་ལེན་ས་ཚིགས60ལྷག་བཙུགས་ཡོད། ཁྱིམ་ཚང་སྨན་པས་དུས་བཀག་ལྟར་འཚམས་འདྲི་བྱས་ཏེ། རྒྱུན་གཏན་གྱི་གཅོང་ནད་ལྟ་ཞིབ་ཚད་ལེན་དང་བདེ་ཐང་མཛུབ་ཁྲིད་ཀྱི་ཞབས་ཞུ་ཐད་ཀར་གྲོང་མིའི་སྒོ་འགྲམ་དུ་རྒྱ་བསྐྱེད་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། གཅོང་ནད་དེ་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་འཇིགས་སྐུལ་གཙོ་བོར་གྱུར་ཡོད་པ་དང་། 2010ལོར་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགོ་ཚུགས་པ་ནས་བཟུང་། ས་གནས་སོ་སོས་གནས་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་དང་དཔེ་སྟོན་སྔོན་ལ་བསྐྱོད་པ་བརྒྱུད། བདེ་ཐང་གི་གཞི་རྒྱུ་འཚོ་བ་དང་། ལས་ཀ སྤྲོ་གསེང་སོགས་ཀྱི་རྣམ་པ་སྣ་ཚོགས་སུ་ཁྱབ་པར་བྱེད་པ་དང་། བདེ་ཐང་གི་རྒྱབ་སྐྱོར་རང་བཞིན་གྱི་ཁོར་ཡུག་དེ་སྨན་བཅོས་སྒྲིག་གཞི་ནས་སྤྱི་ཚོགས་ཁྱབ་ཁོངས་ཡོངས་སུ་རྒྱ་ཆེར་ཕྱིན་ནས། དཔེ་སྟོན་ཁུལ་གྱི་གྲོང་མིའི་བདེ་ཐང་བྱང་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཞིང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་ཤེས་རྟོགས་ཐུབ་ཚད་དང་། སྨན་བཅོས་ཐུབ་ཚད། ཚོད་འཛིན་ཐུབ་ཚད་བཅས་བརྟན་རླིང་ངང་ལེགས་བཅོས་བྱུང་ཡོད། སྔོན་དཔག་བྱས་ན2035ལོར་བསླེབ་སྐབས་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་བསྡོམས་པས820ཟིན་རྒྱུ་དང་། ཆུས་དང་རྫོང་ལ་ཁྱབ་ཚད30%ཙམ་ཟིན་ནས། གྲོང་མིའི་སྔོན་དཔག་ཚེ་ཚད་དང་ཚེ་སྲོག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བར་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།