ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ8པའི་ཚེས10ཉིན་སྐབས་བཅུ་དྲུག་པའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་གསལ་ལྟར་ན།“གཞི་གྲངས་འབྱུང་འགྱུར་གཏོད་དེ། རིག་ནུས་ལ་བརྟེན་ནས་རྒྱང་སྐྱོད་གསར་པ་འཛུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ལ། སྐབས་འདིའི་གྲངས་འཛིན་དངོས་མང་སྟོན་ཚོགས་དེ་ཟླ8པའི་ཚེས27ཉིན་ནས་ཚེས29ཉིན་བར་ཧྲན་ཏུང་ཅི་ནན་དུ་སྤེལ་རྒྱུ་རེད།
ངོ་སྤྲོད་བྱས་པ་ལྟར་ན། སྐབས་འདིའི་གྲངས་འཛིན་དངོས་མང་སྟོན་ཚོགས་ནང་སྔོན་དཔག་བྱས་ན་འགྲེམས་ཞུགས་ལས་ཁུངས500ལྷག་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས20ཡིས་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲེམས་ཞུགས་བྱེད་པ་དང་། རྒྱལ་ཁབ་དང་ས་ཁུལ30ལྷག་གི་ཕྱི་རྒྱལ་གྱི་འགྲེམས་ཚོང་པ་ཞུགས་རྒྱུ་རེད། འགྲེམས་ཚོགས་ལ་ཁྱད་ལྡན་འགྲེམས་ཁུལ་ཆེན་པོ7བཀོད་སྒྲིག་བྱས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དྲ་རྒྱའི་རོལ་རྩེད་འགྲེམས་ཁུལ་ཐོག་མར་བཙུགས་པ་དེའི་དམིགས་ཡུལ་ནི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནུས་པ་ལྡན་པའི་དྲ་རྒྱའི་རོལ་རྩེད་སྤུས་ལེགས་ཅན་གྱི་འཕེལ་རྒྱས་ཐབས་ལམ་མངོན་པ་དང་སྤེལ་རེས་བྱ་རྒྱུ་རེད། གླེང་སྟེགས་གཙོ་བོ1དང་། ཆེད་དོན་གླེང་སྟེགས6། དེ་བཞིན་མ་ལག་ཚང་བའི་བྱེད་སྒོ80ལྷག་བཀོད་སྒྲིག་བྱས་ཤིང་། ཚོགས་ཞུགས་སྐུ་མགྲོན་གྱིས་གྲངས་འཛིན་དཔེ་སྐྲུན་དང་། མི་དང་འཕྲུལ་ཆས་མཉམ་སྦྱོར། རིག་ཚན་སྣོལ་སྡེབ་འཛུགས་སྐྲུན། གོ་ལ་ཧྲིལ་པོའི་རིག་གཞུང་བརྒྱུད་སྤེལ་སོགས་ཀྱི་གྲོས་གཞིར་བགྲོ་གླེང་བྱས་ནས། བཀོལ་སྤྱོད་ཐུབ་པ་དང་དོན་འཁྱོལ་ཐུབ་པའི་ཐབས་ལམ་དང་ཉམས་མྱོང་འཚོལ་ཞིབ་བྱ་རྒྱུ་རེད། ཀྲུང་གོ་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་ཁང་གིས་འབྲེལ་ཡོད་སྒྲིག་གཞི་དང་མཉམ་དུ་སྙན་ཞུ་མང་པོ་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ་མི་ཐབས་རིག་ནུས་ཉེར་སྤྱོད་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་ཚད་གཞི་བཟོ་བའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
སྐབས་འདིའི་གྲངས་འཛིན་དངོས་མང་སྟོན་ཚོགས་ནི་ཀྲུང་གོ་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་ཁང་དང་། ཀྲུང་གོ་དཔེ་སྐྲུན་མཐུན་ཚོགས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས། ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་ནི་རང་རྒྱལ་གྱིས་གྲངས་འཛིན་དཔེ་སྐྲུན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་གཉེར་བའི་རྒྱལ་ཡོངས་རང་བཞིན་དང་རྒྱལ་སྤྱི་ཅན་གྱི་དངོས་མང་སྟོན་ཚོགས་ཤིག་ཡིན་པ་དང་། 2005ལོར་ཐེངས་དང་པོར་འཚོགས་པ་རེད། །