ཉེ་ལམ། ཞིང་ཆེན་དམངས་ཆེན་ཕྱིར་སྡོད་རང་མིའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་དང་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བཅས་སུ་སོང་ནས་ཕྱིར་སྡོད་རང་མི་དང་ཕྱིར་ལོག་ཕྱིར་སྡོད་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་བའི་གནས་ཚུལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་རྒྱུ་གཙོ་ཐིག་ཏུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་བའི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལྟར་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱ་བའི་གནས་ཚུལ་བཅས་ཀྱི་ཐད་ནས་ཆེད་དོན་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་ས་ཁུལ་སོ་སོའི་སྡེ་ཁུལ་དང་། ཞང་དང་གྲོང་རྡལ། ཆོས་ལུགས་བྱེད་སྒོ་སྤེལ་ས། ཆོས་ལུགས་སློབ་གླིང་བཅས་སུ་སོང་ནས་ཡུལ་དངོས་ལྟ་ཞིབ་དང་མཚམས་སྦྱོར་ལ་ཉན་པ། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། བཅའ་ཁྲིམས་ཁྲིམས་སྲོལ་གྱི་སྲིད་ཇུས་དོན་འཁྱོལ་དང་། ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོབ། ཕན་ཚུན་གསབ་རེས་རྣམ་པའི་སྡེ་ཁུལ་ཁོར་ཡུག་འཛུགས་སྐྲུན། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱེད་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་དང་ཆོས་ལུགས་དགེ་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཟླ7པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པས། དེ་གོ་སྐབས་སུ་བྱས་ནས་བཅའ་ཁྲིམས་ཀྱི་དགོངས་དོན་དེ་ས་གནས་ཁྲིམས་འཛུགས་དང་ལས་རིགས་ཚད་གཞི། སྡེ་སྲོལ་དམངས་ཆིངས་བཅས་སུ་སིམ་འདྲེས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་འཛུགས་པ་དང་བཅོས་སྒྱུར་བྱེད་པ། མེད་པར་བྱེད་པ་བཅས་ཐད་ཀྱི་རྟོག་ཞིབ་དང་བསམ་འཆར་བསྡུ་ལེན་བྱ་བ་ལེགས་པོར་སྒྲུབ་པ་བཅས་བྱས་ནས། གོང་འོག་སྦྲེལ་མཐུད་དང་འཐུས་ཚང་བའི་མི་རིགས་བྱ་བའི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཛུགས་དགོས། རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་ལ་ཤུགས་བསྣན་ནས། ཁྲིམས་ལྟར་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། མི་རིགས་མང་པོ་འདུས་སྡོད་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་དགོས། གཞི་རིམ་གྱིས་ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བའི་དྲ་རྒྱའི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ཏང་གིས་ཆོས་ལུགས་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པོ་ཡོང་བར་ཁྲིད་སྟོན་བྱེད་དགོས།