མཚོ་སྔོན་ཞིང་ཆེན་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས།ཉེ་ལམས་ས་བཙོགས་ནད་དང་སྤྲེལ་འབྲུམ་ནད་ལ་དོགས་ཟོན་ནན་མོ་བྱེད་དགོས་ཞེས་གསལ་འདེབས་གནང་འདུག
གཅིག ས་བཙོགས་སམ་ས་ནད།
ས་ནད་ནི་ས་བཙོགས་མྱུག་ཕུང་ནར་སྲིན་གྱིས་བསླངས་པའི་མི་ཕྱུགས་གཉིས་ལ་འགོ་བའི་ནད་ཡམས་ཤིག་ཡིན། གཙོ་བོ་བ་གླང་དང་ར་ལུག་སོགས་རྩྭ་གཟན་རིགས་ཀྱི་སྲོག་ཆགས་ཁྲོད་བྱུང་བ་ཡིན། མི་ལ་བྱུང་བ་ནི་གཙོ་བོ་སྲོག་ཆགས་ཀྱི་བེམ་རོ་དང་པགས་པ། ཀོ་བཟོ་ལ་སོགས་ཕྱུགས་ལས་ཐོན་རྫས་ལ་རེག་པ་ལས་འགོ་བ་དང་། ཡང་ན་ཟོག་རོའི་པགས་པ་བཤུ་བའམ་ཡང་ན་འཚོས་ཡག་མིན་པ་དང་ཁོལ་ཡག་མིན་པའི་ཤ་དང་འོ་མའི་ལས་འགོ་བ་ཡིན་ལ། དབྱར་དུས་ནི་འགོ་ཆེ་བའི་དུས་ཚིགས་ཡིན།
ནད་དེ་བྱུང་བའི་ནད་རྟགས་རྒྱུན་པར་མཐོང་མང་པ་ནི་སྐྱི་པགས་ལ་ས་བཙོགས་བྱུང་བ་དེ་རེད། མངོན་རྟགས་གཙོ་བོ་སྐྱི་པགས་ཆ་ཤས་ལ་ཆུ་བུར་དང་ཁྲ་འབྲུམ། ཐོར་པ། སྨུག་རུལ། རྨ་སྐོགས་སོགས་རྒྱག་སྲིད། རྒྱུ་མའི་ས་བཙོགས་ཀྱི་ནད་རྟགས་ནི་མྱུར་གཤིས་ཕོ་རྒྱུ་ཚ་ནད་དམ་གསོས་པ་ན་བ་ཡིན། གློ་བུའི་ས་བཙོགས་ནི་དང་ཐོག་ཆམ་རིམས་ཀྱི་ནད་རྟགས་དང་འདྲ་བ་དང་། ཕྱིས་དབུགས་འབྱིན་དཀའ་བ་དང་། གློ་ལུ་པ། ཁྲག་སྐྱུག་པ་སོགས་ཀྱི་རྟགས་འབྱུང་། གློ་བའི་ས་བཙོགས་དང་རྒྱུ་མའི་ས་བཙོགས་ཀྱི་ནད་སློང་མྱུར་ཞིང་ཤི་ཚད་མཐོ་པས་བདེ་ཐང་གི་ཉེན་ཁ་ཆེན་པོ་ཞིག་ཡིན། ས་བཙོགས་འབྱུང་ཆེ་བའི་མི་ནི་གཙོ་བོ་སྒོ་ཟོག་གསོ་སྤེལ་དང་། བཤའ་བ། ཉོ་འཚོང་དང་འབྲེལ་བའི་ཐོན་རྫས་དང་དེའི་ཀོ་ལྤགས་བཟོ་སྣོན་བྱེད་མཁན་ལས་གཉེར་མི་སྣ་རེད།
འགོག་ཟོན་བྱེད་སྟངས།
•“མི་རུང་བ་གསུམ”གྱི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱེད་དགོས། ནོར་ནག་དང་བ་གླང་། ར་ལུག་སོགས་སྲོག་ཆགས་གློ་བུར་དུ་ཤི་ན། མི་གསོད་ཅིང་། མི་ཟ་བ། ཉོ་ཚོང་མི་བྱེད་པར། ལམ་སེང་ས་གནས་དེའི་ཕྱུགས་ལས་སྡེ་ཚན་ལ་སྙན་ཞུ་རྒྱག་དགོས།
• ཚོང་ལམ་དག་མ་ནས་ཉོ་སྒྲུབ་བྱེད་དགོས། ཉིན་རྒྱུན་འཚོ་བའི་ཁྲོད་དུ་གཞུང་ཕྱོགས་ཀྱི་ཚོང་ལམ་མམ་ཚོང་ལམ་དག་མ་ནས་སྐམས་ཤ་དང་ལུག་ཤ་ཉོ་དགོས། ཤི་ཟོག་གི་ཤའམ་ཡོང་ཁུངས་མི་གསལ་བའི་ཤ་རིགས་མི་ཟ་ཞིང་། ཟ་ན་ཡང་ཤ་འཚོས་ཡག་བྱེད་དགོས།
• ལས་རིགས་འགོག་སྲུང་ལ་ཤུགས་སྣོན་དགོས། ཕྱུགས་ཟོག་གསོ་སྤེལ་དང་། བཤའ་བ། ཉོ་ཚོང་། བཟོ་སྣོན་སོགས་གོ་རིམ་ནང་དུ་ཁ་ཐུམ་དང་ལག་འབོལ་སོགས་གོན་དགོས། ཟོག་བཤའ་བམ་སྲོག་ཆགས་ཀྱི་ཐོན་རྫས་ཐག་གཅོད་བྱ་རྗེས། ལམ་སེང་ལག་པར་གཉིས་ལ་དུག་སེལ་བྱེད་དགོས། སྲོག་ཆགས་ལ་རེག་པའི་ལག་པས་གང་འདོད་དུ་ཁ་དང་། སྣ། མིག་སོགས་ལ་རེག་མི་རུང་། དུས་ངེས་ཅན་ནང་དུ་ལས་ཀ་བྱེད་སའི་ཁོར་ཡུག་ལ་གཙང་སེལ་དུག་སེལ་བྱེད་དགོས།
• དུས་ཐོག་ཏུ་སྨན་ལ་སྟོན་དགོས། རྒྱུ་རྐྱེན་གང་ཡིན་མི་གསལ་བར་ཤི་བའི་བེམ་རོ་ལ་རེག་སྟེ། སྐྱི་པགས་ལ་ཁྲ་འབྲུམ་དང་། ཆུ་བུར་སོགས་བྱུང་བའམ་ཡང་ན་རྒྱུ་རྐྱེན་གང་ཡིན་མི་ཤེས་པར་ཚ་རྒྱག་པ་དང་། དབུགས་འབྱིན་དཀའ་བ། སྐྱུག་མེར་ལངས་པ། གསོས་པ་ན་བ་སོགས་ནད་རྟགས་བྱུང་ན། ལམ་སེང་སྨན་པར་བསྟེན་ཏེ་རང་རྟོགས་ཀྱིས་སྨན་པར་ཕྱུགས་ཟོག་ལ་རེག་པའི་གནས་ཚུལ་ཞུས་ཏེ་བརྟག་ལོག་མི་འབྱུང་བར་སྔོན་འགོག་བྱེད་དགོས།
གཉིས། སྤྲེལ་འབྲུམ།
སྤྲེལ་འབྲུམ་ནི་སྤྲེལ་ལུས་ཀྱི་ཆུ་བུར་ནད་དུག་གིས་བསླངས་པའི་མྱུར་གཤིས་ནད་ཡམས་ཤིག་སྟེ་སྔོན་འགོག་ཐུབ་པའི་ནད་ཡམས་ཤིག་ཡིན། ནད་དམིགས་གསོ་བཅོས་བྱས་ན་མང་ཆེ་བ་དྲག་སྐྱེད་འབྱུང་ཐུབ་པ་ཡིན། ནད་དཔེ་མང་པོ་ཞིག་གི་ནད་རྟགས་ཡིན་ན་ཅུང་ཡང་མོ་རེད། གཙོ་བོ་ཚ་རྒྱག་པ་དང་། མགོ་ན་བ། པགས་འབྲུམ། རྨེན་མདུད་སྐྲངས་པ་ལ་སོགས་རེད། སྤྲེལ་འབྲུམ་ནི་གཙོ་བོ་ཆགས་སྤྱོད་བརྒྱུད་ནས་འགོ་བ་ཞིག་ཡིན། Ⅰདབྱིབས་ཀྱི་སྤྲེལ་འབྲུམ་ནི་ཁྱིམ་ཚང་གི་ནང་མིའི་བར་འགོ་སྟངས་ཤིག་ཀྱང་ཡོད།
འགོག་ཟོན་བྱེད་སྟངས།
• རང་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ཉེན་ཆེ་ཆགས་སྤྱོད་དང་རིང་དུ་བྲལ་ན་ལེགས། མི་སྒེར་གྱི་འཕྲོད་བསྟེན་ཏེ་ལག་པ་གཙང་འཁྲུད་དང་། ལུས་པོ་གཙང་འཁྲུད། ལྭ་བ་གཙང་གསོར་སོགས་བྱས་ནས་མི་སྒེར་གྱི་ལྭ་བ་དང་ཉལ་ཆས། འཕྲོད་བསྟེན་ཉེར་ཆས་སོགས་ལོགས་སུ་བཀར་ནས་འཇོག་དགོས།
• སྤྲེལ་འབྲུམ་འགོ་རྐྱེན་དང་སྔོན་འགོག་གི་གནད་ཤེས་རྟོགས་གསལ་བོ་བྱེད་དགོས་པ་དང་། སྒོའི་ཕྱིར་སྐྱོད་དུས་ས་གནས་ཀྱི་གཞུང་ཕྱོགས་འཕྲིན་སྟེགས་སུ་སྤེལ་བའི་བདེ་ཐང་ཉེན་བརྡ་སྐོར་ལ་དུས་ཐོག་ཏུ་དོ་སྣང་བྱེད་དགོས།
• ཉེན་ཁ་ཆེ་བའི་གནས་སུ་ཡུལ་སྐོར་ལ་སོགས་མི་བྱེད་ཅིང་། ཉེན་ཆེའི་ས་ཁུལ་ནས་ཡོང་བའི་མི་ལ་འབྲེལ་འདྲིས་ཟབ་མོ་མ་བྱས་ན་ལེགས།