ཟླ8པའི་ཚེས5ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དང་རྐང་ཚ་རྫོང་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་། སྐྱེ་ཁམས་ཡུལ་སྐོར། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་འཆར་འགོད་བྱས་ནས་མཉམ་དུ་མདུན་སྐྱོད་བྱེད་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། གནས་སྡོད་དང་འཚམ་ཞིང་ལས་རིགས་ལ་འཚམ་པ། ཡུལ་སྐོར་ལ་འཚམ་ཞིང་མཛེས་སྡུག་ལྡན་པའི་ལྗོངས་རྣམ་གསར་པ་འབད་པས་བསྐྲུན་དགོས་པ་ནན་གྱིས་བསྟན།
མདའ་བཞི་རྫོང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་འགྲེམ་ཚོམས་སུ་བསྐྱོད་དེ། ལུའོ་ཏུང་ཁྲོན་གྱིས་འགྲེལ་བཤད་ལ་ནན་ཏན་ངང་ཉན་པ་དང་། ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་ཚོད་ལྟའི་དཔྱད་ཆས་རེ་རེ། ཡིག་ཚགས་དང་ཡིག་ཆའི་ཤོག་ལྷེབ་རེ་རེ་བཅས་ཀྱི་མདུན་དུ་བསྡད་ནས་ཞིབ་མོར་བལྟས་པ་དང་། ཚན་ཞིབ་ལས་སྒྲུབ་པ་རྒན་རབས་ཚོས་མཐོ་སྒང་དུ་གཞི་ཚུགས་པ་དང་། རུས་མིང་ངོ་མ་གསང་བ། དཀའ་སྤྱད་ལས་སྐྲུན། ཡང་རྩེར་སྙེག་ཕོད་པ་བཅས་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླ་དང་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བསྐྱར་དྲན་བྱས། ཁོས་བསྟན་དོན། རྡུལ་ཕྲན་མཁར་གྱི་དྲན་གསོ་ཁང་ནི་གསར་བརྗེའི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་བ་དང་། གསར་བརྗེའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་མུ་མཐུད་དུ་སྔོག་འདོན་གཏིང་ཟབ་བྱེད་པ། ལོ་རྒྱུས་འཆད་འགྲེལ་ཟབ་སྤེལ་བྱེད་པ། དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ། སྔོན་བྱོན་པ་རྣམས་ཀྱིས་རང་ལུས་རྒྱལ་ཁབ་ལ་འབུལ་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམ་བཅའ་བཞག་པའི་མི་སེམས་འགུལ་བའི་གཏམ་རྒྱུད་སེམས་རྣལ་དུ་ཕབ་ནས་ཡག་པོར་བཤད་དགོས་ལ། གསར་བརྗེའི་ལོ་རྒྱུས་ཟབ་མོ་དོན་དངོས་སུ་མངོན་པ་དང་དེང་འདིར་ནུས་ཤུགས་སྩོལ་བ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གསར་གཏོད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱེད་པར་སྐུལ་མ་གཏོང་བ། ལས་སྒྲུབ་ལས་སྐྲུན་གྱི་སེམས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ནང་ཧུར་ཐག་ཞུགས་པ། དུས་རབས་གསར་པའི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།
རྐང་ཚ་རྫོང་མཚོ་འཁྱིལ་ཞང་གི་གསེར་ཉ་ཕྱིར་ལོག་ལྟ་ཞིབ་ཚད་ལེན་ས་ཚིགས་སུ། སྐས་རིམ་རྣམ་པའི་གསེར་ཉ་ཕྱིར་ལོག་རྒྱུ་ལམ་སྟེང“ཆུ་ཕྱེད་དྭངས་གཙང་དང་ཆུ་ཕྱེད་ཉ་ཡིན”པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་ནས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། ལུའོ་ཏུང་ཁྲོན་གྱིས་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་རྗེས། མཚོ་སྐོར་གྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ཆུ་ཁུངས་གསོ་སྐྱོང་ནན་མོ་བྱས་ཏེ། གསེར་ཉ་ཕྱིར་ལོག་པའི་ཆུ་ལམ་དོ་དམ་སྲུང་སྐྱོང་དང་ཉ་རིགས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་གི་ལྟ་སྐོར་ལས་རྣམ་སྟོབས་ཆེར་བཏང་ནས། རོང་འབྲོག་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པའི་ཐབས་ལམ་དང་བྱེད་སྟངས་རྒྱ་ཆེར་བཏང་སྟེ། ཚད་གཞི་མཐོན་པོའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྐོར་དཔེ་སྟོན་གནས་ལེགས་བསྐྲུན་བྱ་དགོས་ཞེས་བསྟན།
རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ཕན་པོ་སྡེ་བར་ཐོན་ནས། ལུའོ་ཏུང་ཁྲོན་གྱིས་མཐོ་སྒང་གི་མཐོ་གྲང་དྲ་བྲལ་རྣམ་པའི་ནུས་ཁུངས་གསར་པའི་གསང་སྤྱོད་ཚོད་ལྟའི་ལས་གཞི་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། ལས་གཞི་འཛུགས་སྐྲུན་དང་། ལག་རྩལ་གསར་གཏོད། དམངས་འཚོར་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་བསྟན་དོན། མཐོ་སྒང་མཐོ་གྲང་འབྲོག་ཁུལ་དུ་གསང་སྤྱོད་དཀའ་བ་ནི་དུས་ཡུན་རིང་པོར་དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཚོད་འཛིན་ཐེབས་པའི་ཞན་ཆ་མངོན་གསལ་ཞིག་ཡིན་པས། ཀྲུང་དབྱང་ཁེ་ལས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཚོད་ལྟའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་ཏེ། ཆེད་ཁེའི་ལག་རྩལ་བེད་སྤྱོད་ཡག་པོ་དང་ཁྱབ་གདལ་ཡག་པོ་གཏོང་བ་དང་། རོང་འབྲོག་མང་ཚོགས་འདུས་སྡོད་ས་ཁུལ་དང་ཡུལ་སྐོར་སྐོར་ལམ། མྱུར་བགྲོད་ཞབས་ཞུའི་ས་ཁུལ་སོགས་རྣམ་པ་མི་འདྲ་བའི་ཧེ་བག་ཅན་གྱི་དགོས་མཁོར་ཟུང་འབྲེལ་བྱས་ནས། ལྗང་མདོག་འཛུགས་སྐྲུན་དང་རིག་ནུས་འཁོར་སྐྱོད་སྲུང་སྐྱོང་ལག་རྩལ་རིམ་འཇུག་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཅན་གྱི་དོ་དམ་སྲུང་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ཚད་ལྡན་ཅན་གྱི་ནུས་ཁུངས་གསར་པའི་གསང་སྤྱོད་དེ་མདོ་དབུས་མཐོ་སྒང་དང་མཚོ་སྐོར་སྐྱེ་ཁམས་བར་ཁྱམས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་པ་ཞིག་ཏུ་བསྐྲུན་ཏེ། དམངས་འཚོའི་བདེ་སྐྱིད་སྔར་བས་ཆེ་རུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་དགོས།