ཚན་རིག་པས་ཐོག་དང་པོར"ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་ཟླ་བའི་གོ་ལ"ལྟ་འཇལ་བྱེད་ཐུབ་སོང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

ཉེ་ལམ། རྒྱལ་སྤྱིའི་གནམ་དཔྱད་ཞིབ་འཇུག་ཚོགས་པས་མཐོང་དཀོན་པའི་རིམ་པ་གསུམ་ཅན་གྱི་གནམ་གཟུགས་མ་ལག་གི་ལྟ་འཇལ་དཔང་རྟགས་ཁྱབ་བསྒྲགས་བྱས་པ་དང་། "ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་ཟླ་བ་གོ་ལའི"བརྡ་རྟགས་ཡིན་དོགས་པ་ཞིག་ཤེས་རྟོགས་བྱུང་སྟེ། མིའི་རིགས་ཀྱིས་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་འཁོར་སྐར་འཚོལ་སྙེག་བྱེད་པར་ལྟ་འཇལ་གྱི་ལམ་བུ་གསར་བ་ཞིག་བཏོད།

མིག་སྔར། མིའི་རིགས་ཀྱིས་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་རྒྱུ་སྐར6000ལྷག་རྩད་ཆོད་ཡོད་མོད། འོན་ཀྱང་ད་ལྟའི་བར་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་འཁོར་སྐར་གཅིག་ལའང་ལྟ་འཇལ་བྱས་ནས་གསལ་ཐག་ཆོད་མེད། ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་ཟླ་བའི་གོ་ལ་ཟེར་བ་ནི་སྤྱིར་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་རྒྱུ་སྐར་ལ་སྐོར་བ་བྱེད་པའི་གནམ་གཟུགས་ལ་གོ་ཞིང་། ཐེངས་འདིའི་ལྟ་འཇལ་བྱ་ཡུལ་དུ་གྱུར་པའིCD-35 2722ཀྱི་མ་ལག་གི་གྲུབ་ཚུལ་ཧ་ཅང་དམིགས་བསལ་བ་ཞིག་ཡིན་ཏེ། ལྟེ་བའི་བརྟན་སྐར་གྱི་སྤུས་ཚད་ནི་ཉི་མའི་ཕྱེད་ཀ་ཙམ་ཡིན་པ་དང་། ཕྱི་གཞོགས་སུ་སྐར་ལྟིག་སྨུག་པོ་གཅིག་གིས་བསྐོར་ཡོད་ལ། དེའི་ཕྱི་རིམ་དུ་གནམ་གཟུགས་ཆེན་པོ་མཆིས་པས། བརྟན་སྐར—སྐར་ལྟིག་སྨུག་པོ—རྗེས་མཐུན་ཟླ་བའི་གནམ་གཟུགས་བཅས་རིམ་པ་གསུམ་སྐོན་འཇུག་གི་ཆགས་གཞི་གྲུབ་ཅིང་། འདི་ནི་མིའི་རིགས་ཀྱིས་ཐོག་དང་པོར་རིགས་འདིའི་འདེམ་སྒུག་གནམ་གཟུགས་མ་ལག་ལྟ་འཇལ་བྱེད་ཐུབ་པ་བྱུང་བ་རེད།       ཀྲི་ལི་རྒྱལ་ཁབ་ཀྱི་ཏིའེ་ཀོ•པོ་ཐ་ལའེ་སི་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པས་ཚངས་ཕྱོགས་འགྲོས་ཚད་དབྱེ་ཞིབ་བྱེད་ཐབས་སྤྱད་དེ། 2023ལོའི་ཟླ10པ་ནས2026ལོའི་ཟླ2པའི་བར་ནར་མར་བརྟག་འཇལ་བྱས་ནས་དཔེ་དབྱིབས་བཟོས། གཞི་གྲངས་ལས་མངོན་པ་ལྟར་ན། རྗེས་མཐུན་ཟླ་བའི་གནམ་གཟུགས་ཀྱི་སྤུས་ཚད་ཆུང་ཤོས་ནི་སྐར་མ་ཕུར་བུའི་ལྡབ0.9ཡིན་པ་དང་། སྐར་ལྟིག་སྨུག་པོར་སྐོར་བའི་སྤྱི་འཁོར་འཁོར་ཡུན་ཉིན170ཙམ་ཡིན། འཁོར་སྐྱོད་དཔེ་དབྱིབས་བརྒྱུད་ནས་ར་སྤྲོད་བྱས་པ་ལྟར་ན། མ་ལག་དེར་གནམ་གཟུགས་རྐྱང་མའི་ཡིད་རྟོན་བརྡ་རྟགས་མ་གཏོགས་མེད་པ་དང་། འཁོར་སྐར་ཟུང་མའི་སྒྲིག་གཞིས་འཁོར་ལམ་བརྟན་འཇགས་མིན་པ་བཟོ་བར་མ་ཟད། ལྟ་འཇལ་གྱི་མཇུག་འབྲས་ལ་ཡང་མི་མཐུན།

གནམ་གཟུགས་དེའི་འཁོར་སྐྱོད་བྱེད་སྟངས་དེ་འཁོར་སྐར་གྱི་ཆོས་ཉིད་དང་མཐུན་མོད། འོན་ཀྱང་དེའི་སྐོར་སྐྱོད་རྟེན་གཞི་ནི་སྐར་ལྟིག་སྨུག་པོ་ཡིན་ལ། དེ་ནི་སྲོལ་རྒྱུན་གྱི་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་འཁོར་སྐར་གྱི་མཚན་ཉིད་དང་མི་མཐུན་ཞིང་། གནམ་དཔྱད་རིག་པའི་ཁྱབ་ཁོངས་སུ་གནས་སྐབས་རིང་གཅིག་གྱུར་གྱི་རིགས་དབྱེའི་ཚད་གཞི་མེད། ཐེངས་འདིར་ཤེས་རྟོགས་བྱུང་བ་དེས་ལས་རིགས་འདིས་གནམ་གཟུགས་ཀྱི་རིགས་དབྱེ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱས་ཡོད།       ཐེངས་འདིའི་ལྟ་འཇལ་ལས་ར་སྤྲོད་བྱས་པ་ལྟར་ན། ཚངས་ཕྱོགས་འགྲོས་ཚད་བྱེད་ཐབས་ཀྱིས་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་འཁོར་སྐར་འཁོར་ལམ་གྱི་ཟིང་འགུལ་ནུས་ལྡན་ངང་ངོས་འཛིན་བྱེད་ཐུབ་པ་དང་། དེ་ནི་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་གྱི་འཁོར་སྐར་ཁྱབ་ཁོངས་འཚོལ་ཞིབ་བྱེད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། རྗེས་སོར་གནམ་དཔྱད་རིག་པ་བས་ལྟ་འཇལ་བྱེད་ཐབས་དེ་ཉིད་སྤྱད་ནས། བརྟན་སྐར་མ་ལག་དེ་བས་མང་བོར་ལྟ་འཇལ་བྱས་ཏེ། རྒྱུ་སྐར་དང་། སྐར་ལྟིག་སྨུག་པོ། འཁོར་སྐར་བཅས་རིམ་འགྱུར་གྱི་འབྲེལ་ཡོད་གཞུང་ལུགས་ཀྱི་ཤེས་རྟོགས་ཚད་འཐུས་ཚང་དུ་གཏང་རྒྱུ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།