ཞིང་ཆེན་ཡོངས་ཀྱི་ནོར་གནག་དང་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐུལ་འདེད་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས5ཉིན་གྱི་སྔ་དྲོར།  ཞིང་ཆེན་ཡོངས་ཀྱི་ནོར་གནག་དང་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐུལ་འདེད་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་དངུལ་ཐང་རྩྭ་ཐང་དུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་།   ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པར་དམ་དུ་དམིགས་ནས་བསམ་བློ་སྔར་ལས་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཤིང་།   ཆུ་ཚད་མཐོན་པོས་སྤུས་ཚད་དང་ཚད་གཞི། སྤུས་རྟགས་བཅས་ཀྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ནོར་གནག་དང་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། ནོར་གནག་དང་བོད་ལུག་ནི་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་མངོན་པར་གསལ་ཞིང་འགྲན་རྩོད་ནུས་པ་ཆེ་བའི་ཁྱད་ལྡན་དགེ་མཚན་ཐོན་ལས་ཤིག་ཡིན་པ་དང་། ལྷག་པར་དུ་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་དང་གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་གཏོང་བའི་ཐོན་ལས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནོར་གནག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པའི་གནད་འགག་གི་བྱེད་ཐབས་སུ་བརྩིས་ཏེ། རྒྱུད་བཟང་གསོ་སྤེལ་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་འགྲོ་བར་སྐུལ་འདེད་བཏང་བ་དང་།  ཚན་ལྡན་ཅན་དང་ཁུངས་འདེད་མ་ལག་གཞི་རྩའི་ཆ་ནས་གྲུབ་པར་བྱས་ལ།   ཐོན་ལས་མུ་ཕྲེང་རིམ་བཞིན་སྣུར་སྲིང་དང་འཐུས་ཚང་དུ་བཏང་བར་མ་ཟད།   སྤུས་རྟགས་ཁྲོམ་རའི་ཤུགས་རྐྱེན་ནུས་ཤུགས་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་། 

ཚོགས་འདུ་ལས་ནན་གྱིས་བསྟན་དོན།   ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་ཞིང་ཆེན་ཡོངས་ཀྱི་ནོར་གནག་དང་བོད་ལུག་ཐོན་ལས་ཀྱི་ལྗང་མདོག་ཚུལ་སྒྱུར་དང་སྤུས་འདེགས་ནུས་སྐྱེད་ཀྱི་གནད་འགག་གི་དུས་སྐབས་ཡིན་པས།   ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཐེར་ཆེན་རིམ་པའི་ཐོན་ལས་ཁྱུ་ཚོགས་ཆེན་པོ་གཉིས་བསྐྲུན་པའི་དམིགས་འབེན་ལ་དམ་དུ་དམིགས་པ་དང་།   སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་སྣེ་ཁྲིད་དུ་བྱེད་པ།   མཐོ་སྒང་གཅེས་ནོར་གྱི་ཐུན་མོང་མ་ཡིན་པའི་རིན་ཐང་སྔོག་འདོན་དང་ཇེ་ཆེར་གཏོང་བའི་འཆར་གཞི་ལག་བསྟར་ཟབ་མོ་བཅས་བྱས་ཏེ། མགྱོགས་མྱུར་སྒོས་ནོར་གནག་དང་བོད་ལུག་ཐོན་ལས་དེ་སྐྱེ་ཁམས་སྔོན་ལ་འགྲོ་བ་དང་ཁྱད་ཆོས་མངོན་གསལ་ཡིན་པ། མང་ཚོགས་ཕྱུག་ཅིང་ཞིང་ཆེན་དར་རྒྱས་ཆེ་བའི་འདེགས་སྐྱོར་ཐོན་ལས་སུ་འགྱུར་བར་བྱེད་དགོས།  རྩྭ་ཐང་གི་སྐྱེ་ཁམས་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་ཤུགས་སྣོན་པ་དང་། རྩྭ་ཐང་བཅོས་སྐྱོང་སླར་གསོ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། མགྱོགས་མྱུར་སྒོས་གཟན་རྩྭའི་འགན་སྲུང་མ་ལག་བསྐྲུན་པ་བཅས་བྱས་ནས། ལེགས་བསྡུས་ཞིབ་གཉེར་དང་ཕན་ནུས་མཐོ་བའི་ལྗང་མདོག་གསོ་སྤེལ་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་དགོས།    ཚན་རྩལ་གསར་གཏོད་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པར་ཤུགས་སྣོན་པ་དང་། ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་དཔུང་སྡེའི་སྟོབས་ཤུགས་ལ་བརྟེན་ནས། རྒྱུད་བཟང་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་ཚན་རིག་དང་མཐུན་པའི་གསོ་ཚགས་དོ་དམ།  ཐུན་མོང་མ་ཡིན་པའི་རིན་ཐང་ཞིབ་འཇུག་གསར་སྤེལ་བཅས་ལ་དམིགས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་འགག་སྒྲོལ་ཐོད་བརྒལ་ཡོང་བར་བྱེད་དགོས།  ཐོན་ལས་འཕེལ་རྒྱས་མུ་ཕྲེང་སྟོབས་ཆེར་གཏོང་བར་ཤུགས་སྣོན་པ་དང་མུ་ཕྲེང་ཡོངས་ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་བསྟར་བྱེད་པ། ཐོན་ལས་ཁྱུ་ཚོགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། ཐོན་རྫས་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་རིན་ཐང་ཡོངས་སུ་བེད་སྤྱོད་བྱེད་པར་ཤུགས་སྣོན་དགོས། སྤུས་རྟགས་ཀྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་པ་དང་མ་ལག་ལྡན་པའི་སྒོ་ནས་ཁྱད་ལྡན་ཟོང་རྟགས་ལས་ཡུལ་བསྐྲུན་པ། དེང་རབས་ཟོང་འགྲུལ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཁྲོམ་ར་གཙོ་བོའི་ཚོང་གཉེར་ཐབས་ལམ་རྒྱ་བསྐྱེད་དགོས།   རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་སྤེལ་གཏོང་བར་ཤུགས་སྣོན་པ་དང་། ཁེ་ལས་ལ་ཕན་པ་དང་ཞིང་ལས་ལ་ཕན་པའི་སྲིད་ཇུས་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ། ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ། ཉེན་ཁ་འགོག་སྲུང་མ་ལག་བསྐྲུན་པ་བཅས་བྱས་ནས། ཐོན་ལས་འཕེལ་རྒྱས་གྲུབ་འབྲས་ཀྱིས་རོང་འབྲོག་མང་ཚོགས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་སྒོས་ཕན་ཐོགས་པར་བྱེད་དགོས། བྱ་བའི་སྒྲིལ་ཤུགས་གཅིག་བསྡུས་བྱེད་པར་ཤུགས་སྣོན་པ་དང་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ།  ཞིང་ཆེན་ཡོངས་ཀྱི་བསམ་བཀོད་གཅིག་བརྟན་པོར་ཆགས་པར་བྱེད་པ། ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་རྐྱེན་སྲོལ་བྱེད་ནུས་སྔར་ལས་འདོན་སྤེལ་བྱེད་པ། སྲིད་གཞུང་དང་ཁྲོམ་རའི་མཉམ་འགུལ་བཟང་བོར་སྐུལ་སྤེལ་བྱེད་པ། ལག་རྩལ་འཇོན་མིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ནོར་གནག་དང་བོད་ལུགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐོད་བརྒལ་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས།

ཝང་ཧའེ་ཧུང་གིས་ཚོགས་འདུར་འགོ་འཛིན་བྱས།  ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་ནོར་གནག་དང་བོད་ལུག་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ཁྱབ་བསྒྲགས་བྱས། སྐོར་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་མི་དང་། ཀྲུང་གོ་ཞིང་ལས་ཚན་རིག་གླིང་པེ་ཅིང་ཕྱུགས་སྨན་ཞིབ་འཇུག་ཁང་དང་མཚོ་བྱང་ཁུལ། ཡུས་ཧྲུའུ་ཁུལ། ཧི་ནན་རྫོང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད། ཚོགས་འདུའི་སྔོན་ལ། ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་སོགས་ལ་ལྟ་སྐོར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།