མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་ཆེས་བྲིན་པའི་དུས་སྐབས་ཀྱི་རིན་གོང་ལ་ཆེད་དོན་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

དབྱར་ཁའི་གུང་གསེང་གི་ཡུལ་སྐོར་ཆེས་བྲིན་པའི་དུས་ཚིགས་སླེབས་པ་དང་བསྟུན་ནས། རང་རེའི་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ནས་ཡུལ་སྐོར་བའི་འགྲུལ་རྒྱུན་མང་ཤོས་བསུས། ཉེ་ལམ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཚོ་བྱང་ཁུལ་མིན་ཡོན་རྫོང་དང་མདོ་ལ་རྫོང་དུ་སོང་ནས། ཁོངས་གཏོགས་ས་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་སྟོན་བྱས། དེའི་རིང་རིམ་རྩིས་བྱས་ན་མཛེས་ལྗོངས་ཁུལ་དང་བཟའ་བཏུང་། ཞག་སྡོད་སོགས་གཉེར་སྐྱོང་བྱེད་པོ11ལ་ཞིབ་བཤེར་བྱས་པ་དང་། ཡུལ་སྐོར་མང་བའི་དུས་སུ། གསོལ་མགྲོན་ཁང་དང་ཞག་སྡོད་ལས་རིགས་ཀྱི་རིན་གོང་དྲན་སྐུལ་དང་བསླབ་བྱ་ཡི་གེ100ལྷག་སྦྱར་ནས་སྤྲད་པ་དང་། ཡུལ་དངོས་སུ་གནད་དོན15ཚད་ལྡན་དག་ཐེར་བྱས།

“བཟའ་བཏུང་དང་ཞག་སྡོད། འགྲོ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ཀྱི་མུ་ཕྲེང་ཧྲིལ་པོར་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ཤུགས་བསྣན་པ་དང་། མཛེས་ལྗོངས་ཁུལ་དང་གསོལ་མགྲོན་ཁང་། ཁྱིམ་ཚང་མགྲོན་ཁང་སོགས་སུ་སོང་ནས། མཛེས་ལྗོངས་ཁུལ་གྱི་གཟིགས་སྐྱོང་པ་སེའི་རིན་གོང་དོན་འཁྱོལ་བྱས་པའི་གནས་ཚུལ་དང་བཙན་ཤེད་ཀྱིས་ར་ཚོང་བྱེད་པའི་བྱེད་སྤྱོད་ཡོད་མེད་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་དང་། ཟ་ཁང་སོགས་ཀྱི་ཚལ་ཐོ་ཡོངས་བསྒྲགས་མ་བྱས་པ་དང་གང་བྱུང་དུ“དུས་གོང”འགོད་པ། རིན་གོང་མི་གསལ་བ་འགོད་པ་བཅས་དང་། དེ་བཞིན་ཞག་སྡོད་ལས་རིགས་ཀྱིས་ངན་འབྲེལ་བྱས་ནས་རིན་གོང་མཐོ་རུ་གཏོང་བ། རིན་གོང་མགོ་སྐོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཚོང་གཉེར་བར་ལུགས་མཐུན་ངང་རིན་གོང་གཏན་འཁེལ་དང་ཁྲིམས་སྲུང་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། མཚོ་སྔོན་ཡུལ་སྐོར་གྱི་སྣང་བརྙན་ལེགས་པོ་གསོ་སྐྱོང་བྱས།

ལྟ་སྐུལ་མཛུབ་སྟོན་བྱེད་རིང་། ཁྲིམས་འཛིན་ཞིབ་བཤེར་དང་ཁྲིམས་ལུགས་ཁྱབ་གདལ་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བ་དང་། ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་གཉེར་སྐྱོང་བྱེད་པོར་དྲན་སྐུལ་དང་བསླབ་བྱ་ཡི་གེ་སྐྱེལ་སྤྲོད་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང་། 《རིན་གོང་ཁ་གསལ་འགོད་པ་དང་རིན་གོང་མགོ་སྐོར་གཏོང་རྒྱུ་གཏན་འགོག་བྱེད་པའི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པར་མ་ཟད། རིན་གོང་འགོད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ངོ་ཐུག་གདོང་འཕྲད་ཀྱིས་མཛུབ་སྟོན་བྱས་ཏེ།  ཚོང་གཉེར་བར་སྒྲིག་སྲོལ་དང་མཐུན་པའི་ཚོང་གཉེར་འདུ་ཤེས་བརྟན་པོ་ཆགས་པར་སྐུལ་འདེད་དང་། རིན་གོང་རང་གཅུན་ལ་ཤུགས་སྣོན། ཚོང་གཉེར་བྱ་སྤྱོད་ཚད་ལྡན་བཅས་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།