ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱུན་མཐུད་ངང་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོ་ནས་བཟུང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་མ་དངུལ་གཏོང་ཕྱོགས་ཀྱི་འགྱུར་ལྡོག་ལ་དུས་ལྟར་རྗེས་འདེད་བྱས་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་གཏན་འཇགས་གཉིས། ཚོད་འཛིན་གསུམ་གྱི་རྩ་དོན་ལྟར།   སྨན་བཅོས་ལས་ཁུངས་ཀྱི་བྱེད་ནུས་ངེས་གནས་དང་སྒྲིག་གཞིའི་བཀོད་སྒྲིག་གཅིག་གྱུར་ལེགས་སྒྱུར་བྱས་ནས། འཕེལ་རྒྱས་ཀྱི་གཙོ་གནད་དེ་གྲངས་འབོར་འཕར་བ་ནས་སྤུས་ཚད་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར། མིག་སྔའི་བར་དུ།  ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་དགུ་ས་ཡ་བཞི་དོན་འཁྱོལ་བྱས་ཏེ། ནད་ཁང་བསྒྱུར་བཀོད་དང་སྨན་བཅོས་སྒྲིག་ཆས་གསར་སྒྱུར།  སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་སོགས་ལས་གཞི་ཉེར་བདུན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་།   གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱི་ནད་ཁང་གི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱས་ལ།  སྔོན་ཐོན་དང་རྩེར་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་བྱས་པར་མ་ཟད།  གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་ལ། རིམ་པ་དགར་བའི་བརྟག་བཅོས་ལམ་ལུགས་འཛུགས་སྐྱོང་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་བདེ་ཐང་གི་དགོས་མཁོ་བསྐངས།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་།   ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་འབོར་མི་འདང་བ་དང་། ས་ཁོངས་བཀོད་སྒྲིག་དོ་མཉམ་མིན་པ་སོགས་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་བྱས་ཏེ། རྒྱུན་ཆད་མེད་པར་མི་འདང་ས་ཁ་གསབ་དང་ཞན་ཆ་ལེགས་བཅོས་བྱེད་པ། ནུས་རིམ་མཐོར་འདེགས་གཏོང་བ་བཅས་བྱས་ཤིང་། བསྡོམས་པས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་ལྔ་བྱེ་བ་གསུམ་ས་ཡ་བརྒྱད་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་དང་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་གཙོ་གནད་སྨན་ཁང་གཙོ་བོ་སོགས་ལས་གཞི་གཙོ་བོ་སུམ་བརྒྱ་ང་དྲུག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་མ་ཟད།  ནུས་ཤུགས་ཆེན་པོས་སྤུས་ལེགས་ཆོད་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་དོན་ལྔ་ལྷག་ལ་ཇེ་མཐོར་སོང་བ་དང་།   སྦྲུམ་མ་དང་བྱིས་པ།  ལོ་ལྔ་མན་གྱི་བྱིས་པ་ཚེ་ལས་འདས་ཚད་བརྒྱ་ཆའི་བཞི་གྲངས་ཆུང་ལྔ་གཉིས་དང་བརྒྱ་ཆའི་དྲུག་གྲངས་ཆུང་གཅིག་བརྒྱད་ལ་མར་ཆག་པར་མ་ཟད། བདེ་ཐང་གི་དམིགས་ཚད་གཙོ་བོའི་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་སོང་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མངོན་གསལ་ཇེ་ཆེར་སོང་ནས། ནད་པས་སྨན་པར་སྟོན་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེས་ཆེར་འཕར་ཡོད།

ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞིའི་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་རྒྱུ་དེ་གོང་རིམ་གྱི་མ་དངུལ་བརྩོན་ལེན་བྱེད་པའི་སྔོན་ཁྲིད་ལས་དོན་ལ་བརྩིས་ནས། ལས་ཁུངས་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་ས་གནས་ཀྱི་བྱེད་པོའི་འགན་འཁྲི་ནན་དཀྲི་བྱེད་པ་དང་།   འགག་གནད་དང་དཀའ་གནད་ལ་དུས་ཐོག་ཏུ་རྗེས་འདེད་དང་མཐུན་སྦྱོར་ཐག་གཅོད་བྱེད་པ།   མ་དངུལ་བཏང་བའི་ལས་གཞིའི་ལག་བསྟར་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། 2027ལོའི་ལས་གཞིའི་འཆར་འགོད་གྲབས་གསོག་ལ་ཤུགས་སྣོན་པ་དང་། ལས་གཞི་འཛུགས་སྐྲུན་ལ་རིམ་བཞིན་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་གྲུབ་པར་བྱེད་པ་བཅས་བྱས་ནས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་དམངས་ཡོངས་བདེ་ཐང་ལ་འགན་སྲུང་བྱེད་པར་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།