དཔའ་བོའི་ཕ་སའི་རིག་གནས་ཡུལ་སྐོར་དགྱེས་འཛོམས། ཟླ8པའི་ཚེས4ཉིན། དཔའ་བོའི་ལོ་རྒྱུས་ཀྱིས་ཐོག་མའི་སེམས་འདུན་སྲུང་། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་འཕེལ་རྒྱས་སྐུལ། བློ་སེམས་གཅིག་གིས་མགོ་ལོག་གསར་པ་བསྐྲུན་ཞེས་པ་བརྗོད་དོན་ཡིན་པའི2026ལོའི་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་སྟོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐལ་བཟང་ཐང་དུ་མགོ་བརྩམས། རྨ་ཡུལ་རྩྭ་ཐང་གི་རིག་གནས་དགྱེས་འཛོམས་འདི་ལས་གེ་སར་རིག་གནས་ཀྱི་རྨང་མཐུག་པོ་ཕྱིར་མངོན་པ་དང་། རིགས་སོ་སོའི་མི་དམངས་རྣམས་ཀྱི་བློ་སེམས་གཅིག་གིས་དུས་རབས་གསར་པར་སྙེགས་པའི་རྣམ་པ་གསོན་ཉམས་དོད་པོར་མངོན་ཡོད་པ་མ་ཟད། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཀྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཡོད།
ཉིན་དེའི་ཆུ་ཚོད10པའི་སྟེང་། མགོ་རྩོམ་མཛད་སྒོའི་སྟེང་ཚོགས་ར་ཞུགས་པའི་རྣམ་པ་བརྗིད་ཆགས་མཚར་སྡུག་ལྡན་ལ། ཁུལ་ཡོངས་ཀྱི་རྫོང་དྲུག་གིས་རྩ་འཛུགས་བྱས་པའི་གེ་སར་བརྗོད་དོན་ཡིན་པའི་འཁྲབ་སྟོན་རུ་དཔུང་གིས་མི་རིགས་ཀྱི་གཟབ་མཆོར་སྤྲས་ཏེ་གོ་རིམ་བཞིན་ཚོགས་རར་ཞུགས། མཚར་སྡུག་གཟབ་མཆོར་དང་ཁྱད་ཆོས་འགྲེམ་སྟོན་གཉིས་ཉི་མ་མེ་གྲོགས་ཚུལ་གྱིས་མགོ་ལོག་ཁུལ་གྱི་རིག་གནས་འདྲེན་ཤུགས་ཁྱོན་ཡོངས་ནས་ཕྱིར་མངོན། རྫོང་ཁག་སོ་སོ་ནས་ཐོན་པའི་རིག་གནས་རྐང་འཛིན་པ་རྣམས་ཀྱིས་གེ་སར་རིག་གནས་ཀྱི་ཉིང་བཅུད་སློག་ནས་གར་སྟེགས་ཀྱི་གླུ་གར་འཁྲབ་སྟོན་མོད་པོ་ཞིབ་ཚགས་ཀྱིས་བསྒྲིགས་པ་དང་། རྩྭ་ཐང་གི་དྲི་མ་མ་ཡལ་བའི་དབྱངས་རྟ་རེ་རེ་དང་གར་སྟབས་རེ་རེས་མགོ་ལོག་ཁུལ་གྱི་དུས་རབས་གསར་པའི་འཕེལ་འགྱུར་བརྗོད་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། དུས་སྟོན་གྱི་བྱེད་སྒོ་རྣམས་ཟླ8པའི་ཚེས6ཉིན་བར་མུ་མཐུད་དེ་སྤེལ་རྒྱུ་དང་། རྟ་རྒྱུག་མདའ་འཕེན་སོགས་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་སྡུར་དག་རིམ་བཞིན་སྤེལ་བའི་དུས་མཚུངས་སུ་གེ་སར་རིག་གནས་ཆེད་དོན་བགྲོ་གླེང་ཚོགས་འདུ་དང་མངོན་མེད་ཤུལ་བཞག་རིག་དངོས་འགྲེམ་སྟོན། དམངས་སྲོལ་མྱོང་རོལ། རྫོང་ཁག་སོ་སོའི་རིག་རྩལ་འཁྲབ་སྟོན་སོགས་ཁྱད་ལྡན་བྱེད་སྒོ་འགའ་ཤས་སྤེལ་རྒྱུ་རེད།
རིག་གནས་རྣམ་ཤེས་སུ་དང་ཡུལ་སྐོར་ཕུང་པོར་བྱས། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་སྟོན་འདི་མགོ་ལོག་ཁུལ་གྱི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་ལས་མཚོ་སྔོན་ལྷོ་རྒྱུད་ཚོད་ལྟ་ཁུལ་འཛུགས་སྐྲུན་འཆར་འགོད་ཀྱི་བླང་བྱ་ལག་ལེན་དུ་བསྟར་བར་དངོས་འབེབས་ལག་བསྟར་གཏིང་ཟབ་བྱས་པ་ཞིག་ཡིན། བྱེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་གཙོ་བོར་དམིགས་ནས། མགོ་ལོག་ཁུལ་གྱིས་གཞི་གཅིག་དང་རྩ་ལག་གཉིས་གཞོགས་འདེགས་བཞི་ཡི་འཕེལ་རྒྱས་རིག་ལམ་ལྟར། གེ་སར་རིག་གནས་ཀྱི་རྒྱུན་འཛིན་གསར་གཏོད་དེ་སྦྲེལ་ཐག་ཏུ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྤུས་མཐོ་འགྲོ་བར་སྒུལ་ཤུགས་སྟོབས་ཆེན་གསབ་པ་དང་། རིགས་སོ་སོའི་མི་རིགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་གངས་ལྗོངས་མཐོ་སྒང་དུ་བཀྲག་མདངས་སྔར་ལས་འཚེར་བར་བཞད་པར་བྱས། །