མགོ་ལོག་ཁུལ་དགའ་བདེ་རྫོང་གིས་མཚན་མོའི་བདེ་སྲུང་གཙང་བཤེར་ཆེད་དམིགས་འགུལ་སྐྱོད་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གོང་རིམ་སྤྱི་བདེ་ལས་ཁུངས་གི་བྱ་བའི་བཀོད་སྒྲིག་ལག་ལེན་གཏིང་ཟབ་བྱེད་པ་དང་། མཚན་མོའི་སྤྱི་ཚོགས་བདེ་སྲུང་གི་འབུར་ཐོན་གནད་དོན་དངོས་གནས་འགོག་ཟོན་དང་སེལ་ཐབས་བྱེད་པ། བདེ་སྲུང་གི་རྣམ་པ་མི་ལེགས་པ་སྣ་ཚོགས་བཅོས་སྐྱོང་ནན་མོ་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་གཅགས་བྱེད་པ། མངའ་ཁུལ་མང་ཚོགས་ཀྱི་མཚན་མོའི་འགྲོ་འོང་དང་འཚོ་བའི་བདེ་འཇགས་སོགས་ལ་ནུས་ཤུགས་ཡོད་རྒུས་ལྟ་སྲུང་བྱེད་པ་བཅས་ཀྱི་ཆེད། དབྱར་ཁའི་མཚན་མོའི་བདེ་སྲུང་གི་ཆོས་ཉིད་དང་ཁྱད་ཆོས་ལ་ཁ་གཏད་དེ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྤྱི་བདེ་ཅུས་ཀྱི་ཏང་ཨུས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྔ་མོ་ནས་འཆར་འགོད། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ། མངའ་ཁུལ་གྱི་བདེ་སྲུང་གནས་སྟངས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། གཙོ་གནད་ཉེན་ཁའི་གནས་ཡུལ་དང་དོ་དམ་ཚོད་འཛིན་གཉོམ་ཞན་གྱི་ལྷུ་མཚམས་གསེད་དཀྲོལ་བྱས་ནས། གཙང་བཤེར་དམིགས་འབེན་དང་བཅོས་སྐྱོང་གི་གཙོ་གནད། ལས་འགན་དབྱེ་བགོ་དང་བྱ་བའི་བླང་བྱ་བཅས་ངེས་གསལ་བྱས་ནས། ཉེན་རྟོག་རིགས་དབྱེ་དང་གཞི་རིམ་མངགས་གཏོང་ཁང་སོ་སོའི་ཉེན་ཤུགས་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། མཚན་མོའི་བདེ་སྲུང་གཙང་བཤེར་བཅོས་སྐྱོང་ནན་ཞིབ་དངོས་གསུམ་ལ་གཞོལ་བའི་སྒོ་ནས་སྤེལ་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རིགས་སོ་སོ་ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་། མངའ་ཁུལ་སྤྱི་ཚོགས་བདེ་སྲུང་གི་བདེ་འཇགས་འགོག་རགས་བརྟན་པོར་བསྐྲུན།

ཉེ་ཆར། ཅུས་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཅུས་ཡོངས་ཀྱིས་གོང་འོག་མཉམ་འགུལ་དང་མཉམ་དུ་ཤུགས་བཏོན་ནས། ཡུལ་ཁོངས་ཧྲིལ་པོའི་མཚན་མོའི་བདེ་སྲུང་གཙང་བཤེར་ཆེད་དམིགས་འགུལ་སྐྱོད་རྩ་འཛུགས་བྱས་ནས་སྤེལ། ཐེངས་འདིའི་འགུལ་སྐྱོད་ནི་མངའ་ཁུལ་གྱི་ཡུལ་སྐོར་མགྲོན་ཁང་ལས་རིགས་དང་སྣུམ་སྣོན་ལས་རིགས། KTVསོགས་རོལ་རྩེད་གནས་ཡུལ་དང་དྲ་ཁང་། སྙིགས་རོ་ཉོ་སྡུད་ས་ཚིགས། རླངས་འཁོར་ཞིག་གསོ་བྱེད་ས། སྨན་བཅོས་ལས་ཁུངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱིར་གླ་ཁང་པ་སོགས་གཙོ་གནད་ལས་རིགས་ཀྱི་གནས་ཡུལ་ལ་དམ་པོར་དམིགས་ཏེ།“ངེས་གནས་ཞིབ་བཤེར+འགུལ་རྣམ་སྐོར་ཞིབ། ཁྱོན་ཡོངས་གྲལ་བཤེར+གནད་འཁེལ་བཅོས་སྐྱོང”གི་བྱེད་ཐབས་སྤྱད་དེ། ཡུལ་ཁོངས་ཧྲིལ་པོར་ཁྱབ་པའི་གཙང་བཤེར་སྤེལ་བ་དང་། མིག་གིས་མི་མཐོང་ས་གཅིག་ཀྱང་མ་བསྐྱུར། གཙང་བཤེར་བྱེད་པའི་གོ་རིམ་ཁྲོད། མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པས་གཉེར་སྐྱོང་བྱེད་ཡུལ་སོ་སོའི་མེ་གསོད་བདེ་འཇགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་དང་། བདེ་འཇགས་ལམ་ལུགས་དོན་འཁྱོལ། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལས་རེས། མངོན་མེད་རྐྱེན་ངན་རང་ཞིབ་བསྒྱུར་བཅོས་སོགས་ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་ནས་ལྟ་ཞིབ་བྱས་ཤིང་། ལས་གཉེར་མི་སྣའི་ཆ་འཕྲིན་དང་འདུག་མཁན་གྱི་ཐོ་འགོད་ཆ་འཕྲིན། རླངས་འཁོར་འགྲོ་འོང་གི་ཐོ་ཡིག་བཅས་ལ་ཞིབ་དཔྱད་ནན་མོ་བྱས། དཔང་ཡིག་མེད་པར་ཚོང་གཉེར་དང་སྒྲིག་འགལ་ངང་ཚོང་གཉེར། མི་སྣའི་ཆ་འཕྲིན་ཐོ་འགོད་བྱེད་པར་ཆད་ལུས་བྱུང་བ། མེ་གསོད་སྒྲིག་ཆས་དུས་ཚད་ལས་མདའ་བ་དང་ནུས་ཤོར་བྱུང་བ། བདེ་འཇགས་བགྲོད་ལམ་བཀག་པ་སོགས་ཁྲིམས་འགལ་སྒྲིག་འགལ་དང་བདེ་འཇགས་ཀྱི་གནད་དོན་ལ་ལྟ་བཤེར་དང་ཐག་གཅོད་ནན་མོ་བྱས་ལ། དེ་དང་ཆབས་ཅིག་གནས་ཡུལ་གྱི་ཚོང་གཉེར་བ་དང་ལས་གཉེར་མི་སྣར་མེ་གསོད་བདེ་འཇགས་དང་བདེ་སྲུང་འགོག་ཟོན། མགོ་བསྐོར་དང་རྐུན་མར་རྒོལ་བ་སོགས་ཀྱི་བདེ་འཇགས་ཤེས་བྱ་ཁྱད་གདལ་བཏང་སྟེ། ཁོ་ཚོས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་རང་ཞིབ་རང་བཅོས་བྱས་ཏེ། མགོ་ཁུངས་ནས་བདེ་སྲུང་གི་ཉེན་ཁ་འགོག་ཟོན་དང་མེད་པར་བཟོ་བར་སྐུལ་ལྕག་བཏང་། 

ཐེངས་འདིའི་གཅིག་བསྡུས་གཙང་བཤེར་འགུལ་སྐྱོད་ཀྱི་ཉེན་རྟོགས་ནུས་ཤུགས་བཀོད་སྒྲིག་འདང་ངེས་ཡིན་ལ། བཅོས་སྐྱོང་གི་ཁྱབ་རྒྱ་ཕྱོགས་ཡོངས་སུ་ཁེབས་པ། བྱ་བའི་བྱེད་ཐབས་ཏན་ཏིག་ཡིན་པས། བཅོས་སྐྱོང་གི་ཕན་འབྲས་ལེགས་པོ་ཐོབ་ཡོད། འགུལ་སྐྱོད་བྱེད་པའི་དུས་ཡུན་རིང་ལ། ཕྱོགས་ཡོངས་སུ་གྲལ་བཤེར་ནན་མོ་བྱས་པ་བརྒྱུད། མེ་གསོད་བདེ་འཇགས་དང་བདེ་སྲུང་དོ་དམ་སོགས་མངོན་མེད་རྐྱེན་ངན་གྱི་རིགས16གསར་རྙེད་བྱུང་། གྲལ་བཤེར་ལས་ཐོན་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་དག་ལ་ཁ་གཏད་དེ། རྙེད་མ་ཐག་ཏུ་བསྒྱུར་བཅོས་དང་མགོ་མཇུག་བར་གསུམ་ལ་དོ་དམ་བྱེད་པ། རིག་དབྱེ་ཐག་གཅོད་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་ཇུས་བསྟར་དང་དག་ཐེར་ལེགས་བཅོས་ནན་མོ་བྱས། ཡུལ་དངོས་སུ་དེ་མ་ཐག་དག་ཐེར་ལེགས་བཅོས་བྱེད་ཐུབ་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན16ལ་ཡུལ་དངོས་སུ་འགན་འཁྲིའི་བྱེད་པོར་དག་ཐེར་ལེགས་བཅོས་བྱེད་ཚར་དགོས་པའི་སྐུལ་ལྕག་བཏང་སྟེ། སྐབས་ཐོག་རང་བཞིན་གྱི་ཉེན་ཁ་རྩ་བ་ནས་མེད་པར་བཟོས།

དགའ་བདེ་རྫོང་སྤྱི་བདེ་ཅུས་ཀྱིས་དབྱར་ཁའི་བདེ་སྲུང་བཅོས་སྐྱོང་གི་བྱ་བའི་དམིགས་འབེན་ལ་རྒྱུན་མཐུད་ངང་དམ་པོར་དམིགས་པ་དང་། མངའ་ཁུལ་གྱི་དབྱར་ཁའི་སྤྱི་ཚོགས་བདེ་སྲུང་གི་གནས་སྟངས་དང་ཁྱད་ཆོས་ལ་དམ་པོར་ཟུང་འབྲེལ། གཙོ་གནད་གནས་ཡུལ་དང་གཙོ་གནད་ལས་རིགས། གཙོ་གནད་དུས་ཚད་བཅས་ལ་དམ་པོར་དམིགས་ནས། འགུལ་རྣམ་སྐོར་ཞིབ་ཀྱི་དོ་དམ་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ་དང་། མངོན་མེད་རྐྱེན་ངན་གནད་འཁེལ་དུ་གྲལ་བཤེར་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་ལེགས་བཅོས། བསྐྱར་ཞིབ། ཐོ་གྲངས་མེད་པར་བཟོ་བ་བཅས་སྦྲེལ་ཐག་ཧྲིལ་པོའི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། བདེ་སྲུང་དོ་དམ་ཚོད་འཛིན་གྱི་མི་འདང་ས་དང་ཞན་ཆ་དངོས་གནས་ཁ་གསབ་བྱས་ནས། གཞི་རིམ་བདེ་སྲུང་བཅོས་སྐྱོང་གི་གཞི་རྩ་བརྟན་པོར་བཏང་ཞིང་། སྤྱི་ཚོགས་ཀྱི་བདེ་སྲུང་ཉེན་ཁ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་སེལ་ཐབས་བྱེད་པ་དང་། མངའ་ཁུལ་གྱི་སྤྱི་ཚོགས་བདེ་སྲུང་ཁོར་ཡུག་གཙང་བསྒྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།