ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞི་ལྟ་སྒྲུབ་ཚན་ཆུང་ཞིང་ཆེན་ཁྲིམས་འཛིན་ཐིང་དུ་སོང་ནས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་རིང་། ཕན་ལི་ཆང་དང་སུའུ་ཧྭ་ཡེ། ལིའུ་ཀུའེ་དབྱང་བཅས་འཐུས་མི་གསུམ་གྱིས་མཉམ་འབྲེལ་སྒོས་བཏོན་པའི《“ཕྱོགས་བསྡུས་ཆེན་པོ་གཞི་གཅིག་ཅན”གྱི་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་ལ་སྔར་ལས་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་གྲོས་གཞི》གཙོ་གནད་དུ་བཟུང་ནས་ལྟ་སྒྲུབ་ལས་སྒོ་སྤེལ།
ལྟ་སྒྲུབ་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་ལས་དོན་གྱི་གནས་ཚུལ་དང་གྲོས་གཞི་བསྒྲུབས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བསྟན་དོན། སྒྲུབ་འགན་ཁུར་མཁན་གྱི་སྡེ་ཁག་སོ་སོས“ཕྱོགས་བསྡུས་ཆེན་པོ་གཞི་གཅིག་ཅན”གྱི་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་གྱི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། གྲོས་གཞི་སྒྲུབ་རྒྱུ་དེ་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་ཞན་ཆ་གསབ་པ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་དང་ཟུང་འབྲེལ་གང་ལེགས་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་གཞི་རིམ་གྱི་ཁྲིམས་བསྟར་ནུས་པ་ཆེ་རུ་གཏོང་བ། ཁྲིམས་བསྟར་དཔུང་སྡེ་འཛུགས་སྐྲུན་སོགས་གནད་འགག་ལས་རིམ་ལ་དམ་པོར་དམིགས་ཏེ། མ་ལག་ལྡན་པའི་ཇུས་འགོད་དང་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱས་ནས། སྲིད་འཛིན་ཁྲིམས་བསྟར་ཁྱབ་ཁོངས་ཀྱི་ཡོངས་ཁྱབ་རང་བཞིན་དང་གཏིང་ཟབ་པའི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ། ཁྲིམས་བསྟར་བྱ་སྤྱོད་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ་དང་ཁྲིམས་བསྟར་ཕན་ནུས་ཆེ་རུ་གཏོང་བ། ཁྲིམས་བསྟར་ལ་ཀུན་གྱིས་ཡིད་ཆེས་ཡོད་པར་བྱེད་དགོས། རང་རེའི་ཞིང་ཆེན་གྱི་ངེས་གནས་ནས་རྐང་ཚུགས་པར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་བསྟར་གྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། སྐྱེ་ཁམས་ཁྲིམས་བསྟར་བསྡུ་སྒྲིལ་དང་ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་མཉམ་འབྲེལ་ཁྲིམས་བསྟར་སོགས་ཁྱད་ལྡན་ལས་དོན་ལ་དམིགས་ཏེ། སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་གྱི་མཚོ་སྔོན་གྱི་ཁྱད་ལྡན་ཐབས་ལམ་འབད་པས་འཚོལ་ཞིབ་བྱེད་པ་དང་། འདྲ་བཟོ་དང་ཁྱབ་གདལ་བཏང་ཆོག་པའི་མཚོ་སྔོན་གྱི་སྐྱེ་ཁམས་ཁྲིམས་བསྟར་བཅོས་བསྒྱུར་གྱི་ཉམས་མྱོང་ཕྱོགས་སྡོམ་དང་བསྡུ་ལེན་བྱས་ནས། རྒྱལ་ཡོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་ཚོད་ལྟའི་ལས་དོན་ལ་དགེ་མཚན་ལྡན་པའི་དཔེ་ལྟ་ས་འདོན་སྤྲོད་བྱེད་དགོས།
ལྟ་སྒྲུབ་ཚན་ཆུང་གིས་ཞིང་ཆེན་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས། སྒྲུབ་འགན་ཁུར་མཁན་ལས་ཁུངས་ཀྱིས་འཐུས་མིའི་གྲོས་གཞི་སྒྲུབ་པ་དང་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་མུ་མཐུད་རྗེས་འདེད་བྱས་ཏེ། འཐུས་མིར་ལན་འདེབས་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ནས། སྤུས་ཚད་མཐོ་བའི་གྲོས་གཞི་སྒྲུབ་པའི་ཕན་འབྲས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།