​མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་རེ་རེ་བཞིན་ལེགས་པོར་བསྒྲུབ་དགོས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་བརྒྱབ་ནས།  མི་དམངས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱས། ཕྲེང་སྟར་གསར་འགྱུར《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འབད་པས་གཏོད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཚུན་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས》ཞེས་པ་ལས་ཚེས་བཞི་ཉིན《མང་ཚོགས་ཀྱི་དོན་དག་རེ་རེ་བཞིན་ཡག་པོ་སྒྲུབ་དགོས》ཞེས་པ་བཏང་། 

ཀྲུང་གོའི་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཆེད་དུ་བྱུང་བ་དང་།  མི་དམངས་ཀྱི་དོན་དུ་དར་རྒྱས་བྱུང་བ་རེད། ད་ལོའི་ཟླ7པའི་ཚེས1ཉིན།  ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཏང་གི་ཕུལ་བྱུང་ཁྱད་ཆོས་གཅིག་ཡོད་པ་ནི། “མི་དམངས་ཁྲོད་རྩ་བ་བརྟན་པོར་ཚུགས་ན།  ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ཡོད། ” སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི“ངེས་པར་དུ་ལྔ”ཡི་ནང“ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱ་དགོས”ཞེས་པ་དེ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བྲེལ་འཚུབ་ཆེ་བའི་ཉིན་རེའི་གྲོས་རིམ་ནང་མི་དམངས་ནི་ཐོག་མཐའ་བར་གསུམ་དུ་ཁོང་གི་ཐུགས་ཁྲལ་ཆེ་ཤོས་དེ་རེད། 

རྟེན་འབྲེལ་ཚོགས་ཆེན་གྲོལ་རྗེས་ས་གནས་སུ་རྟོག་ཞིབ་ཐེངས་དང་པོ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་པན་སུང་ཡོན་སྲང་ལམ་གྲོང་མི་གྲོང་གསར་སྡོད་ཁུལ་དུ་ཕེབས་ཤིང་། ལོ་ཁ་ཤས་སྔོན་གནས་འདི་ནི་གང་སར་གྲགས་པའི“རྙིང་ཧྲུལ”ཞིག་ཡིན་པ་དང་གྲོང་མི་མི་ཉུང་བ་ཞིག་གིས་རྟག་ཏུ་ཟོམ་འཁྱེར་ནས་འཚོ་བ་སྐྱེལ་དགོས་ཀྱིན་ཡོད། ད་ལྟ་བསྐྱར་སྐྲུན་གསར་སྒྱུར་བྱས་པ་བརྒྱུད་དེ་འདི་གར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།  ལོ་འདི་དག་རིང་བྱུང་བའི་འཕོ་འགྱུར་མཐོང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཧ་ཅང་ཐུགས་དགྱེས་ཡོད། ཁོང་གིས་ནན་གྱིས་བསྟན་དོན། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་དགོས། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་རེ་རེ་བཞིན་ལེགས་པར་བསྒྲུབ་སྟེ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

མི་དམངས་ཀྱི་སྡོད་གནས་བདེ་བར་བྱེད་པ་དང་། སྡོད་གནས་བདེ་བར་འཁོད་ན་ད་གཟོད་རང་གི་བྱ་བ་སྒྲུབ་ཐུབ། དམངས་འཚོ་ལེགས་བཅོས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་སྐྱོད་བྱེད་དགོས། 

འདི་ནི་ཧྲན་ཏུང་ཞིང་ཆེན་ཏི་ཀྲོའུ་གྲོང་ཁྱེར་ལིན་ཁྲུན་ཆུས་པིན་ལིན་གྲོང་རྡལ་ཞིས་ཡུས་ཅ་སྡེ་བའི་སྡེ་མི་ཡུས་ཞིན་ཧུའེ་ཡི་ཁྱིམ་རེད། ཟླ6པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འཆམ་མཐུན་གྱི་ཞིང་ཁྱིམ་འདིའི་སྒོ་རའི་ནང་ཕེབས། སྤྱི་ཁྱབ་ཧྲུའུ་ཅིས་ཁྱིམ་མི་ཚང་མ་དང་མཉམ་དུ་ཁ་བརྡ་གནང་བ་རེད། གཙོ་བོ་ལས་ཞུགས་ཀྱི་ཡོང་འབབ་དང་རྒན་རྒོན་གྱི་བདེ་ཐང་། བྱིས་པའི་སློབ་སྦྱོང་སོགས་ཁ་བརྡ་བྱས།   འདི་ཚང་མ་ཁྱིམ་ཚང་གཅིག་གི་དོན་དག་ཆུང་ཆུང་ཡིན་ལ་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་ཆེན་ཞིག་ཀྱང་ཡིན།   སྤྱི་ཁྱབ་ཧྲུའུ་ཅིས་བློ་བདེ་བའི་སྒོ་ནས“ཁྱོད་ཚོས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་མཐོང་ན་ང་ཧ་ཅང་དགའ་ཡོད།  ཁོང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ནས་མཐར་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་བསྟན།

མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཡོང་བར་བྱ་རྒྱུ་དེ“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་ཞིང་། ད་ལོ་ནས་བཟུང་། གྲོང་ཁྱེར་ནས་གྲོང་གསེབ་བར་དང་། ཚོགས་འདུ་གལ་ཆེན་ནས་ས་གནས་སུ་རྟོག་ཞིབ་གནང་བར་སྐྱོད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་གམ་གྱི་དོན་དག་ཆེ་མ་ཆུང་གསུམ་ཐུགས་ལ་བཟུང་ཡོད། 

དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་པེ་ཅིང་གྲོང་ཁྱེར་མཁར་ནུབ་ཆུས་རྩྭ་ལས་བཟོ་གྲྭ་བྱང་མའི་སྲང་ལམ་གྱི“ཝུའུ་ལའོ.སྲང་ལམ་གསར་པའི”རྒན་གསོའི་ཞབས་ཞུའི་སྲང་ལམ་དུ་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། རྒན་བཀུར་རྒན་བྱམས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་པ་དང་། རྒན་གཅེས་རྒན་རོགས་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ཁུངས་སྣ་ཚོགས་གཅིག་འདོམས་བྱས་ཏེ།  རྒན་གསོའི་ཞབས་ཞུ་ཤོང་སྐྱེད་སྤུས་འདེགས་དང་།  རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒན་པ་ཚོས་ཚེ་མཇུག་སྐྱིད་པོ་ཞིག་རོལ་བར་མཐུན་རྐྱེན་བསྐྲུན་དགོས། 

ད་ལྟ། “ཝུའུ་ལའོ.སྲང་ལམ་གསར་པའི”རྒན་གསོ་ཞབས་ཞུའི་སྲང་ཁུལ་གྱིས་འགོག་རྐྱེན་མེད་པ་དང་རྒན་པ་ཚོར་འཚམ་པའི་བསྒྱུར་བཀོད་ཐད་མུ་མཐུད་སྐུལ་འདེད་བཏང་སྟེ། རྒན་པ་ཚོར་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་འདོན་སྤྲོད་བྱས། 

ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། མྱུར་སྐྱེལ་པ་དང་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ། གློག་ཚོང་ལས་ཞུགས་མི་སྣ་སོགས། ལས་ཞུགས་ཚོགས་སྤྱི་གསར་པ་ནི་མཛེས་སྡུག་འཚོ་བ་དོན་གཉེར་བྱེད་མཁན་དང་གསར་སྐྲུན་བྱེད་མཁན། སྲུང་སྐྱོང་བྱེད་མཁན་བཅས་ཡིན། ཞིན་ཅེ་ཁི་སྲང་ལམ་གྱི་ཕ་མའི་ཟ་ཁང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་ངལ་གསོ་བཞིན་པའི་མྱུར་སྐྱེལ་པ་མཐོང་བར། ཁོ་ཚོའི་བྱ་བ་དང་འཚོ་བ་བྱམས་བརྩེའི་ངང་བཀའ་འདྲི་གནང་སྟེ། ཁོ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཁོ་ཚོས་བཞག་པའི་བྱས་རྗེས་ལ་བསྔགས་བརྗོད་གནང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་བཏོན་ཡོད། རྩ་གནད་དུ་བཀོད་སྒྲིག་བྱས་པའི་དམིགས་ཚད་གཙོ་བོ20ཡི་ནང་། དམངས་འཚོའི་བདེ་སྐྱིད་རིགས་ཀྱི་དམིགས་ཚད་ཀྱིས་བསྡུར་གྲངས་ཟིན་ཚད་མཐོ་ཤོས་ཡིན་པ་དེ་ལས་ཞུགས་དང་ཡོང་འབབ། སློབ་གསོ། བདེ་ཐང་། རྒན་གསོ། བཅོལ་གསོ་སོགས་མི་དམངས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་ཆེས་དངོས་ཡོད་ཀྱི་གནད་དོན་ལ་ཁྱབ་ཡོད།

“ལ་ཁའི་ཉི་མ”སྔར་བས་དྲོ་བ་དང་“ཉི་གཞོན”སྔར་བས་མཛེས་པར་བྱེད་དགོས། ད་ལོའི་ཟླ3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་མཛད། པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་དུ། སྤྱི་ཁྱབ་ཧྲུའུ་ཅིས་བྱིས་པ་དག་ལ་བདེ་སྐྱིད་ལ་གཅེས་སྤྲས་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཞུང་ཨན་ཁུལ་གསར་དང་མཉམ་དུ་འཚར་ལོངས་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དུས་མཉམ་དུ་འཕེལ་རྒྱས་ཡོང་དགོས་པའི་སྐུལ་ལྕག་གནང་།

སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཤིག་དང་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་རེད། ཟླ3པའི་ཟླ་མཇུག་ཏུ། རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤྱི་ཚོགས་ཡོངས་རྒྱ་ཁྱབ་ངང་སྡོང་འཛུགས་ནགས་སྐྲུན་ཁྲོད་ཞུགས་རྒྱུར་རྩ་འཛུགས་དང་སྐུལ་སློང་བྱས་ནས། རི་ཀླུང་གང་སར་མཛེས་སྡུག་ལྡན་པའི་རྣམ་པ་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་རྣམ་པ་དེ་བས་མཛེས་སྡུག་ལྡན་པར་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་ལྗང་སྒྱུར་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་ཅིག་ཡིན་ལ། གནམ་སྔོན་ས་ལྗང་ཆུ་དྭངས་དེ་རྒྱུན་རྣམ་དུ་གྱུར་ཡོད། ད་ལོ་རང་རྒྱལ་གྱིས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་གི་རྨང་རྡོ་སྔར་བས་ཇེ་བརྟན་དུ་བཏང་།

མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཟོ་ཞིང་ཏང་དང་དགུ་གསུམ་སློབ་ཚོགས། གསོ་རིག་དང་སྨན་རྫས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས་སྐབས་ནན་གྱིས་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར། ངེས་པར་དུ་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུ་རུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་ལ། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས།

མིག་སྔར། རང་རྒྱལ་དུ་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་བཙུགས་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་དེ་ཡོང་འབབ་མཐོ་འབྲིང་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ནས། བདེ་ཐང་ཀྲུང་གོའི་གོམ་སྟབས་ཧ་ཅང་བརྟན།

མི་དམངས་ལ་དེ་བས་ལེགས་པའི་འཚོ་བ་རོལ་ཐུབ་པར་བྱས་ནས། དེ་བས་དྲོད་ཁོལ་ལྡན་པའི་དམངས་འཚོའི་རྒྱུགས་ལན་འབྲི་དགོས། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། སྡོད་དམངས་ཀྱི་ཡོང་འབབ་བརྟན་བརླིང་ངང་འཕར་ལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁེབས་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། དམངས་འཚོའི་འགན་སྲུང་ནུས་ལྡན་ཡིན།

མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ། ད་ལོའི་ཟླ4པར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དུ་གནོད་འགོག་གནོད་འཕྲི་རྒུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་པ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། རང་བྱུང་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དོན་དམ་དུ་སྲུང་སྐྱོང་བྱེད་དགོས།

ད་ལྟ་ཆར་ཆུ་མོད་པའི་དུས་ཚིགས་ཡིན་པས་མང་ཚོགས་ཀྱི་བདེ་སྡུག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་གནང་བཞིན་པའི་དོན་དག་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ཐེངས་མང་ལ་མཛུབ་སྟོན་གལ་ཆེན་གནང་ནས་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་བསྟན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་དམངས་འཚོ་ནི་དོན་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ནས། དངོས་གཉེར་བྱེད་ཐབས་རེ་རེ་དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སྒྱུར་གཏོང་བའི་མཉམ་ཤུགས་ཆེན་པོར་གཅིག་སྒྲིལ་བྱེད་དགོས་ལ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་རྟོགས་ཐུབ་ལ་ཚོར་ཐུབ་པའི་བདེ་སྐྱིད་ཀྱི་དཔེ་རིས་སུ་བསྒྱུར་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་ཚང་དང་སྔར་བས་འགན་སྲུང་ལྡན་པ། སྔར་བས་རྒྱུན་མཐུད་ཐུབ་པར་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།