རྫོང་ཡོངས་ཀྱི་དུག་འགོག་འཛིང་རགས་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། དུག་རྫས་གཞན་དུ་ཁྱབ་པ་འབྱུང་རྩ་ནས་བཀག་འགོག་བྱེད་པ། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱིས་དུག་རྫས་ངོས་ཟིན་པ་དང་དུག་རྫས་འགོག་པའི་ནུས་པ་ཆེ་རུ་གཏོང་བ། དམངས་ཡོངས་ཀྱིས་དུག་རྫས་འགོག་པ་དང་ཡུལ་ཁོངས་ཡོངས་ནས་དུག་རྫས་ལ་གཟབ་པའི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་སུ་འཇུག་པ་བཅས་ཀྱི་ཆེད་དུ། ཉེ་ལམ། དགའ་བདེ་རྫོང་སྤྱི་བདེ་ཅུས་ཀྱིས་བྱེད་ཐབས་མང་པོ་སྤྱད་ཅིང་གནད་ལ་ཁེལ་བའི་ཤུགས་སྣོན་པ་དང་། ཁོངས་གཏོགས་ས་ཁུལ་དུ་རྒྱུན་རྣམ་ཅན་གྱི་སྒོ་ནས་དུག་འགོག་དྲིལ་སྒྲོག་དང་སོན་འདེབས་བཀག་སྡོམ། དུག་སེལ་སྐོར་ཞིབ་ཀྱི་ཆེད་དོན་ལས་དོན་སྤེལ་ནས། ཁོངས་གཏོགས་ས་ཁུལ་གྱི་དུག་འགོག་བདེ་འཇགས་འགོག་སྲུང་དྲ་བ་ཁྱོན་ཡོངས་ནས་ཚགས་ཇེ་དམ་དུ་བཏང་།

དྲིལ་སྒྲོག་བྱ་བའི་ཁྲོད་དུ། མི་དམངས་ཉེན་རྟོག་པ་རྣམས་ཐག་རིང་སའི་འབྲོག་ཁུལ་དང་། ལམ་འགྲམ་གྱི་ཚོང་ཁང་། ཞང་དང་གྲོང་རྡལ་སྲིད་གཞུང་ཡོད་སའི་མཐའ་འཁོར་སོགས་མི་སྣ་མང་པོ་འདུ་སའི་ས་ཁོངས་སུ་སོང་སྟེ། དུག་འགོག་དྲིལ་སྒྲོག་ལག་དེབ་སྟེར་བ་དང་། ཡུལ་དངོས་སུ་འགྲེལ་བཤད་བྱེད་པ། གྱོད་དཔེར་བརྟེན་ནས་ཁྲིམས་ལུགས་འགྲེལ་བཤད་རྒྱག་པ་སོགས་བྱེད་ཐབས་སྣ་མང་སྤྱད་དེ། ཁོངས་གཏོགས་ས་ཁུལ་གྱི་འབྲོག་པ་དང་ཚོང་ཁང་སོགས་ལ་སྲོལ་རྒྱུན་དུག་རྫས་དང་དུག་རྫས་གསར་པའི་རིགས་དང་ཁྱད་ཆོས། སྦས་སྐུང་རང་བཞིན། གནོད་འཚེ་ཚབས་ཆེན་ཡོད་པ་བཅས་ཞིབ་ཕྲའི་སྒོ་ནས་འགྲེལ་བཤད་བྱས་པ་དང་། དུག་འགོག་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་དུ་བཏང་། དེ་དང་ཆབས་ཅིག་ཏུ། དུག་དང་འབྲེལ་བ་ཡོད་པའི་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ནས་དུག་འཐེན་པ་དང་། དུག་འདེབས་པ། དུག་ཚོང་རྒྱག་པ་བཅས་ལས་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་ཐེབས་པའི་གནོད་འཚེ་ཐད་ཀར་མངོན་པར་བྱས་ཏེ། མང་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་དགོས་པ་དང་། དུག་རྫས་སྣ་ཚོགས་ཀྱི་བསླུ་བྲིད་དང་རིང་དུ་གྱེས་ནས། དུག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་རང་རྟོགས་ངང་བཀག་འགོག་བྱེད་དགོས་པའི་གསལ་བརྡ་བཏང་། གཞན་ཡང་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁྲིམས་འགལ་ངང་དུག་རྫས་འདེབས་འཛུགས་བྱེད་པ་དང་། དུག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་སོགས་ཀྱི་ཁུངས་སྣེ་རང་འགུལ་ངང་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་བྱས་ནས། དམངས་ཡོངས་ཀྱིས་ལྟ་སྐུལ་དང་དམངས་ཡོངས་ཀྱིས་ཐུན་མོང་སྒོས་བཅོས་སྐྱོང་བྱེད་པའི་དུག་འགོག་བྱ་བའི་རྣམ་པ་ཞིག་ཆགས་སུ་བཅུག

ཁོངས་གཏོགས་ས་ཁུལ་དུ་ཁྲིམས་འགལ་ངང་མེ་ཏོག་དུ་ནག་འདེབས་འཛུགས་བྱེད་པའི་མངོན་མེད་རྐྱེན་ངན་རྩ་བ་ནས་གཏན་འགོག་བྱེད་པ་དང་། མི་ཐབས་ལ་བརྟེན་ནས་ཞིབ་བཤེར་བྱས་ན་མཐོང་རྒྱ་ལ་ཚོད་འཛིན་ཐེབས་པ་དང་། མི་རིག་ས་དང་ཐག་རིང་པའི་ས་ཁོངས་སུ་གྲལ་བཤེར་གནད་ལ་འཁེལ་མེད་པ་སོགས་ཀྱི་དཀའ་གནད་སེལ་ཆེད།“མི་མེད་གནམ་གྲུས་མཁའ་དབྱིངས་སྐོར་ཞིབ་བྱེད་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་དྲིལ་སྒྲོག་བྱེད་པའི”དུག་འགོག་བྱ་བའི་རྣམ་པ་གསར་བ་བཏོད། མི་མེད་གནམ་གྲུའི་སྟབས་བདེ་རང་བཞིན་དང་། ཁྱབ་རྒྱ་ཆེ་བ། བརྙན་མིག་གསལ་བ། གྲལ་བཤེར་བྱེད་སྐབས་མི་རིག་ས་མེད་པ་བཅས་ཀྱི་ཚན་རྩལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཉེན་རྟོག་པ་རྩ་འཛུགས་བྱས་ནས་གྲོང་མིའི་སྒོ་ར་དང་། བེད་མེད་དུ་ལུས་པའི་ས་སྟོང་། ཁང་པའི་མདུན་རྒྱབ་དང་ས་སྟོང་ལུང་སྟོང་བཅས་སུ་དྲ་བ་འཐེན་པའི་རྣམ་པའི་སྐོར་ཞིབ་བྱས། བར་སྣང་ནས་དུས་ཐོག་ཏུ་པར་ལེན་དང་། པར་རིས་དུས་ཐོག་ཏུ་ཕྱིར་བསྐུར་བ། དོགས་གནད་གནད་ལ་འཁེལ་བའི་སྒོ་ནས་ཞིབ་འབྱེད་བཅས་བྱས་པ་བརྒྱུད་དེ། མི་མངོན་པའི་ས་ཁུལ་གྱི་རི་སྐྱེས་རྒྱ་མེན་དང་ཁྲིམས་འགལ་ངང་དུག་རྫས་སྡོང་རྐང་འདེབས་འཛུགས་བྱས་ཡོད་པའི་གནས་ཚུལ་གྲལ་བཤེར་ཞིབ་ཚགས་བྱས་པ་དང་། མི་ཐབས་ལ་བརྟེན་ནས་ཞིབ་བཤེར་བྱེད་པའི་བྱ་བའི་ཞན་ཆ་ཁ་གསབ་ནུས་ལྡན་བྱས་ཏེ། ཞིབ་བཤེར་ནན་ཏན་དང་དུག་རྫས་འདེབས་མཁན་མེད་པ་དང་ཐོན་སྐྱེད་བྱེད་མཁན་མེད་པའི་བྱ་བའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བསྲུངས།

ཐེངས་འདིའི་དུག་འགོག་དྲིལ་སྒྲོག་དང་མི་མེད་གནམ་གྲུའི་ཞིབ་བཤེར་ཟུང་འབྲེལ་བྱས་པ་ཡིས། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱི་དུག་འགོག་བདེ་འཇགས་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་ཕྱིན་པ་དང་། རྫོང་ཁོངས་ནང་གི་དུག་དང་འབྲེལ་བ་ཡོད་པའི་མངོན་མེད་རྐྱེན་ངན་གནད་ལ་འཁེལ་བའི་སྒོ་ནས་གྲལ་བཤེར་གཙང་སེལ་བྱས་ཤིང་། དུག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་སྐྱེ་འཕེལ་བར་སྟོང་ཆུང་དུ་བཏང་སྟེ། དུས་བདེའི་དགའ་བདེ་དང་དུག་མེད་དགའ་བདེ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་བཏང་།
རྗེས་ཕྱོགས། དགའ་བདེ་རྫོང་སྤྱི་བདེ་ཅུས་ཀྱིས་དུག་འགོག་བྱ་བའི་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། དུག་འགོག་དྲིལ་སྒྲོག་སློབ་གསོ་དང་དུག་འགོག་དུག་སེལ་ཞིབ་བཤེར་བྱ་བར་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་གཏོང་བ། གཙོ་གནད་ས་ཁོངས་དང་གཙོ་གནད་དུས་མཚམས་ཀྱི་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དུག་འགོག་དང་འབྲེལ་བ་ཡོད་པའི་མངོན་མེད་རྐྱེན་ངན་གཙང་སེལ་བྱེད་པའི་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ་བ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་དུག་འགོག་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་རྒྱུ་རེད། །