གློག་གསོག་གློག་སྐུད་འདི་དག་རབ་ཡིན་ན་མ་སྤྱད་ན་ལེགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

གློག་གསོག་གློག་སྐུད་ནི་ཁ་པར་སོགས་གློག་ཆས་ཀྱི“སྲོག་རྒྱུན”ཡིན་པས་མི་མང་པོ་ཞིག་གིས་གནོད་པ་ཅང་མེད་བསམ་བཞིན་གང་དགར་སྤྱོད་ཀྱི་ཡོད། ཡིན་ན་ཡང་གོང་ཚད་དམའ་བའི་གློག་གསོག་གློག་སྐུད་དང་ཐ་ན་ཚད་ལྡན་མིན་པའི་རིགས་རབ་ཡིན་ན་མ་ཉོས་མ་སྤྱད་ན་ལེགས།

ཉེ་ལམ་ཧི་པེ་ཡི་སྐུ་ཞབས་ཀྲེ་ཡིས་ལས་ཀ་བྱེད་སྐབས་གློ་བུར་དུ“ཕེ་ཕེག”ཞེས་རྣ་ལ་སྒྲ་མི་སྙན་པ་ཐོས་བས་དེ་མ་ཐག་ཕྱོགས་སུ་བལྟས་པ་ན། ཁ་པར་གྱི་གློག་གསོག་གློག་སྐུད་ལ་དུ་བ་འཕྱུར་བཞིན་འདུག ཁོས་ལམ་སེང་གློག་གསོག་ཆས་བུད་པ་ན། གློག་གསོག་གི་ཁུང་ཁའི་དབྱིབས་འགྱུར་ནས་འདུག སྐུ་ཞབས་ཀྲེ་ཡིས་གོ་རིམ་ཡོངས་དྲ་ཐོག་ཏུ་བཀྲམས་པ་དང་ཆབས་ཅིག དྲ་གྲོགས་རྣམས་ལ་གློག་གསོག་གློག་སྐུད་ནི་ཐོག་མའི་གློག་གསོག་ཆས་མིན་པས་གཟབ་གཟབ་བྱེད་དགོས་ཟེར།
 

  2025ལོའི་ཟླ2པའི་ཞོགས་པ་སྔ་མོར་ཧི་ནན་ཀྲེན་ཀྲོའུ་ཡི་སྡོད་དམངས་ཤིག་གི་ཁྱིམ་ལ་མེ་སྐྱོན་བྱུང་། སྟབས་ལེགས་པ་ཞིག་ལ་བཟའ་ཟླ་གཉིས་སྔ་མོ་ནས་སད་ཡོད་པས། མལ་ཁང་དུ་གཞོབ་དྲི་འཐུལ་བ་ཚོར་ནས་དེ་མ་ཉིད་དུ་མགྲོན་ཁང་དུ་རྒྱུག་ནས་ལྟ་དུས། ཁང་པར་དུ་སྨུག་འཐིབས་འདུག་པ་མཐོང་ནས་མྱུར་བ་མྱུར་དུ་མེ་གསོད་ཅི་ཐུབ་བྱས།

ཁོ་ཚོས་བཤད་པ་ལྟར་ན།  མེ་སྐྱོན་དེ་དག་གི་འབྱུང་རྩ་ནི་དྲ་ཐོག་ཏུ་སྒོར9.9ཡི་གོང་ཁེ་གློག་སྐུད་ཉོས་པ་དེ་ཡིན། མགྲོན་ཁང་དུ་གློག་གསོག་རྗེས་སུ་གློག་སྐུད་མ་བུད་པར་བཞག་པས།  མཚན་གོང་གི་མེ་སྐྱོན་འདི་བྱུང་བ་རེད་ཟེར།

རྒྱུ་སྤུས་ཀྱི་བཟང་ངན་ལ་དོན་དམ་བར་ཁྱད་ག་འདྲ་ཡོད། 
   ད་ལྟ་ཁྲོམ་རའི་སྟེང་གི་གློག་གསོག་གློག་སྐུད་ཀྱི་རྒྱུ་སྤུས་སྣ་མ་སྣ་ཚོགས་ཡོད། གསར་འགོད་པས་ཁྲོམ་རའི་སྟེང་གི་གློག་གསོག་ཆས་དུ་མ་ཞིག་རིམ་པ་བཞིན་ཉམས་ཞིབ་བྱས་ནས་རྒྱུ་སྤུས་ཀྱི་བཟང་ངན་ལ་དོན་དམ་བར་ཁྱད་ག་འདྲ་ཡོད་ཚུལ་ལ་བལྟས་པ་ཡིན།
  གཅིག རྒྱུ་ཆའི་སྤུས་ཀ།  སྤྱིར་བཏང་གི་གློག་གསོག་སྐུད་པའི་ནང་ཁོག་ལ་སྐུད་པ་བཞི་ཡོད། རྒྱུ་སྤུས་ཅུང་ལེགས་པའི་གློག་གསོག་སྐུད་པའི་ནང་ཁོག་ཏུ་སྐུད་ཉིང་དང་སྲུང་ཤུན་རིམ་པ་དགུ་ཡིས་གྲུབ་འདུག་པ་དང་། ནང་ཁོག་གི་སྐུད་པ་ཧ་ཅང་སྦོམ་པར་མ་ཟད། རྐྱོང་འགོག་ཚི་སྣ་དང་ལྕགས་རྒྱུའི་ཡོལ་ངོས་རིམ་པ། ལྕགས་རྒྱུའི་ཐག་དྲ་བཅས་ཀྱིས་གྲུབ་ཡོད་པ་རེད།

  གཉིས། འབར་འགོག་ནུས་པ།  རྒྱུ་སྤུས་ངན་པའི་གློག་སྐུད་ནི་མ་རྩའི་རྐྱེན་གྱིས་ཚད་ལྡན་གྱི་འབར་འགོག་རྒྱུ་ཆ་བཀོལ་མེད། འབྲེལ་ཡོད་ཀྱི་ཚད་གཞི་ལྟར་ན། གློག་གསོག་སྐུད་པ་མེ་སོན་ལ་འཕྲད་ན་སྐར་ཆ60ཡི་ནང་དུ་རང་བཞིན་གྱིས་གཟིམ་འགྲོ་བ་ཡིན་མོད། འབར་འགོག་ནུས་པ་ཞན་པའི་གློག་གསོག་སྐུད་པར་མཚོན་ན། མེ་ལ་འཕྲད་ཚེ་དེ་མ་ཉིད་འབར་སླ་བ་མ་ཟད། ཕྱི་ཤུན་ལ་སོགས་ཀྱང་ཐལ་རྡུལ་དུ་བརླགས་ཐུབ།
  གསུམ། རུལ་འགོག་ནུས་པ།  ཉམས་ཞིབ་མི་སྣས་གློག་གསོག་གློག་སྐུད་ཆ་ཚང་ལ་ཚྭ་སྨུག་གིས་ཚོད་ལྟ་བྱས་པ་ན། སྤུས་ལེགས་གློག་གསོག་ཆས་ཀྱི་ཕྱི་ཚུལ་ལ་ཧ་ལམ་འགྱུར་ལྡོག་ཅི་ཡང་བྱུང་མི་འདུག  སྤུས་ངན་གློག་གསོག་སྐུད་པའི་ཕྱི་ནང་གཉིས་ཀར་བཙའ་ཡིས་ཟས་འདུག་པས། སྤུས་ངན་གློག་སྐུད་ཀྱི་རུལ་འགོག་ནུས་པ་ཅུང་ཞན་པ་ཤེས་ཐུབ།

བཞི། གུག་ལྟེབ་བྱས་ན་ཆད་སླ། གློག་གསོག་སྐབས་གློག་སྣེ་ཡང་ཡང་འབུད་འཛུགས་བྱེད་སྐབས་སྐུད་མགོ་དང་མཐུད་ཁ་ཡང་ཡང་གུག་ལྟེབ་བྱེད་སྲིད། སྤུས་ངན་གློག་གསོག་གི་སྐུད་པ་ཁག་ཅིག་རྒྱུ་འཕྲི་སླ་བཅོས་བྱས་ཡོད་པས། མཐུད་ཁར་ལྕགས་རྒྱུས་མཐའ་བརྒྱབ་མེད་པས་དམར་རྗེན་དུ་ཕྱིར་འཇུར་སླ་བ་དང་། ཆད་ཀྱང་སླ། 

འོ་ན་གློག་གསོག་གི་སྐུད་པ་དེ་འདེམས་གསེས་ཅི་ལྟར་ནས་ལེགས། 

གཅིག རྒྱུ་ཆར་ལྟ་དགོས།   བཀོལ་སྤྱོད་རང་བཞིན་དང་། བདེ་འཇགས་རང་བཞིན་གྱི་ཕྱོགས་ནས་ཐོག་མར་བསམ་བློ་གཏང་དགོས། བསམ་ཚུལ་ཡིན་ན་འབར་འགོག་ནུས་པ་ཆེ་ཞིང་། མཁྲེགས་མཉེན་རིན་པའི་ཁོར་སྲུང་གིTPEསོགས་རྒྱུ་ཆ་ཡིན་ཞིང་། བཟོ་རྩལ་ཞིབ་ལ་སྤུས་ལེགས་པའི་གློག་གསོག་སྐུད་པ་འདེམས་ན་ལེགས།


གཉིས། ཉིང་ལེབ་ལ་ལྟ་དགོས།  ནང་གི་ཉིང་ལེབ་ཅི་ལྟར་སྟོབས་ཆེ་ན་ནུས་པ་ཀྱང་དེ་ལྟར་ཆེ། གློག་གསོག་སྐུད་པ་ལེགས་ཤོས་གཅིག་གི་ནང་དུ་རིག་ནུས་མཐོ་ཤོས་ཀྱི་ཉིང་ལེབ་བཞག་ཡོད་པས། རིག་ནུས་ཀྱིས་དེ་ལ་འཚམ་ཞིང་མཁོ་བའི་གློག་འདོན་ཐུབ་ཅིང་། གློག་གསོག་ན་བདེ་འཇགས་ཡིན་པར་མ་ཟད་གློག་རྫས་ལའང་གནོད་པ་མེད་པར་དུས་གཅིག་ཏུ་གློག་གསོག་གི་མྱུར་ཚད་ཇེ་མགྱོགས་སུ་གཏང་ཐུབ།

གསུམ། སྐུད་ཉིང་ལ་ལྟ་བ། རྒྱུ་ཆ་དང་རིང་ཐུང་ཆ་མཉམ་པའི་གློག་གསོག་སྐུད་པའི་སྐུད་ཉིང་སྦོམ་ཞིང་། གློག་འགོག་གི་ནུས་པ་ཆུང་ན་གློག་གསོག་གི་ཕན་འབྲས་དེ་ལས་ཆེ།

བཞི། སྤུས་རྟགས་ལ་ལྟ་བ། གལ་ཏེ་གློག་གསོག་སྐུད་པ་འདེམས་གསེས་བྱེད་མི་ཤེས་ན། སྤུས་རྟགས་ཅན་གྱི་གློག་གསོག་གློག་སྐུད་འདེམས་ཆོག ཅི་ལྟར་བཤད་རུང་སྤུས་རྟགས་ཅན་གྱི་ཐོན་རྫས་ཀྱི་རྒྱུ་ཆ་དང་། བཟོ་རྩལ་སོགས་ལ་ཚད་གཞི་ནན་མོ་བཟུང་ནས་བཟོས་ཡོད་པ་ཡིན།

བྱ་སྤྱོད་གང་དག་ནི་ཉེན་ཁའི་འབྱུང་གཞི་ཡིན། 

 དེ་བས་བཀོལ་སྤྱོད་ལ་ཉེན་ཁ་མེད་པར་འགན་སྲུང་བྱ་ཆེད། ཚང་མས་ཁ་པར་གློག་གསོག་ཆས་ཉོ་སྒྲུབ་བྱེད་དུས་གསོག་སྣེ་བཀོལ་དེ་གོང་ཁེ་བའི་ཐོན་རྫས“ལྷད་མ”རིགས་མི་ཉོ་བར་ཚད་ལྡན་ར་སྤྲོད་ཅན་གྱི་སྤུས་རྟགས་ཐོན་རྫས་རིགས་ཉོས་ན་ལེགས་ལ། དེ་དང་ཆབས་ཅིག་ཁ་པར་ལ་གློག་གསོག་སྟངས་ཀྱི་གོམས་གཤིས་བཟང་བོ་གོམས་སུ་བཅུག་ནས་མེ་སྐྱོན་འབྱུང་མི་ཐུབ་པ་བྱེད་དགོས།

དུས་ཡུན་རིང་པོར་གློག་གསོག་ཆས་མི་འབུད་པ།❌

གློག་གསོག་ཆས་ནི་མཐོ་གནོན་གློག་སྒྱུར་དེ་དམའ་གནོན་ཐད་རྒྱུག་ཏུ་འགྱུར་བའི་གློག་ཆས་ཤིག་ཡིན་པས། གློག་གསོག་ཆས་གློག་ཁུང་དུ་བཙུགས་རྗེས་ཁ་པར་ལ་གློག་མ་གསོག་ཀྱང་གློག་རྒྱུག་བཞིན་ཡོད། དུས་ཡུན་རིང་བོར་གློག་ཁུང་ལས་མ་འབུད་ན། གློག་ཆུད་ཟོས་སུ་གཏོང་བ་མ་ཟད་ཚ་ངར་བསླངས་ནས་གློག་གསོག་ཆས་ཀྱི་མྱུར་འདོན་ལྷུ་ལག་དང་དེའི་རྒྱུ་ཆ་རྙིང་ཧྲུལ་དུ་གྱུར་ནས་གློག་ལོག་རྒྱུག་གམ་མཐོ་གནོན་རྡེག་སློང་གིས་མེ་སྐྱོན་འབྱུང་སླ་བ་ཡིན།

གློག་གསོག་ཞོར་ཏུ་ཁ་པར་ལ་ལྟ་བ།❌

གློག་རྫས་བདེ་འཇགས་ཡིན་ཆེད། རབ་ཡིན་ན་བློ་གཅིག་མང་སྤྱོད་ཀྱི་དཔེ་མ་བྱས་ན་ལེགས། གློག་གསོག་ཞོར་དུ་ཁ་པར་ལ་བལྟས་ན་རང་ཉིད་ལ་གློག་གིས་རྒྱག་པའི་ཉེན་ཁ་ཤིན་ཏུ་ཆེ། གཞན་ཡིད་འཇོག་བྱེད་དགོས་པ་ཞིག་ནི། ཁ་པར་ལ་སྲུང་ཤུན་མཐུག་པོ་མ་བརྒྱབ་ན་ལེགས། ཁ་པར་ཡང་གློག་ཀླད་ལ་སོགས་སྒྲིག་ཆས་དང་འདྲ་བར་ཚ་བ་སེལ་དགོས། གལ་ཏེ་ཕྱི་ཤུན་མཐུག་པོ་ཡིན་ལ། ཚ་འགོག་གི་ནུས་པ་ལྡན་ཚེ། ཁ་པར་གྱི་ཕྱི་ཚུལ་ལ་སྐྱོན་ཅི་ཡང་མེད་རུང་ནང་རོལ་སྔ་མོ་ནས་ཆག་སྐྱོན་འབྱུང་སླ་བ་ཡིན།

མཚན་གང་བོར་ཁ་པར་ལ་གློག་གསོག་པ།❌

དུས་རྒྱུན་ཚད་ལྡན་གྱི་གློག་གསོག་ཆས་ལ་ཚད་བརྒལ་གློག་གསོག་གི་བདེ་འཇགས་སྲུང་བའི་གློག་ལམ་ཡོད། གློག་ཁ་གང་རྗེས་རང་བཞིན་གྱིས་སྲུང་སྐྱོབ་ཀྱི་བྱེད་ནུས་བཏོན་ནས་གློག་གསོག་མཚམས་འཇོག་པའམ་ཡང་ན་གློག་རྒྱུག་ཚད་ཇེ་ཆུང་དུ་གཏང་སྲིད་པ་ཡིན། ཡིན་ན་ཡང་གློག་གསོག་ཆས་ཀྱི་སྲུང་སྐྱོབ་བྱེད་ནུས་ཤོར་བའམ་གློག་རྫས་རང་སྟེང་གི་རྒྱུ་སྤུས་ལ་སྐྱོན་བྱུང་ཡང་གནད་དེ་ལམ་སེང་མ་ཤེས་ན། མེ་སྐྱོན་སློང་བའི་ཉེན་ཁ་སྔར་བཞིན་ཆེ།

མེ་ཟོན་སྡེ་ཚན་གྱིས་དྲན་སྐུལ་ཞུ་དོན། གློག་ཆས་ཚད་ལྡན་གྱིས་བཀོལ་སྤྱོད་བྱེད་དགོས། དགོང་མོ་མ་ཉལ་སྔོན་ལ་དགོས་མེད་མཁོ་མེད་ཀྱི་གློག་ཆས་ཀྱི་གློག་སྒོ་ཚང་མ་བརྒྱབ་ཡོད་མེད་ལ་ལྟ་དགོས་པ་མ་ཟད། མཚན་གང་བོར་ཁ་པར་དང་གློག་གསོག་འབོ་ལ་གློག་གསོག་ནས་འཇོག་མི་རུང་།

དུས་རྒྱུན་ཁ་པར་གྱི་གློག་ཁ་གང་ཡག་གམ་གློག་ཚད་མཐོ་ས་ན་ཡོད་ན། གློག་རྫས་ཀྱི་ཤོང་ཚད་དང་བཀོལ་སྤྱོད་ཀྱི་ཚེ་ཚད་སོགས་ཇེ་ཐུང་དུ་འགྱུར་ངེས་པས།  དུས་རྒྱུན་ཁ་པར་གྱི་གློག་གང་ཚད65%ནས75%བར་རྒྱུན་བསྐྱངས་ན་ལེགས།

 གལ་ཏེ་ཁྱིམ་དུ་གློག་གསོག་གློག་སྐུད་ལ་སྟབས་མ་ལེགས་པར་མེ་སྐྱོན་བསླངས་ཚེ་མྱུར་སྐྱོབ་ཀྱི་བྱེད་ཐབས་འདི་དག་ངེས་པར་དུ་ཡིད་ལ་འཇགས་རོགས། 

ཐོག་མར་གློག་སྒོ་རྒྱག་དགོས། གཏན་ནས་ཆུ་བརྒྱབ་ནས་མེ་གསོད་མི་རུང་། ཆུས་གློག་འདྲེན་ཐུབ་པས་གལ་ཏེ་གློག་གསོག་ཆས་དང་གློག་སྐུད། ཡང་ན་གློག་ཆས་སྟེང་ཆུ་བླུགས་ན་འགད་སླ་བས་ཉེན་ཁ་དང་གནོད་པ་དེ་ལས་ཆེ་བ་ཡིན། 

རབ་ཡིན་ན་སྐམ་ཕྱེ་ཅན་གྱི་མེ་གསོད་ཆས་སམ་དབྱང་གཉིས་ཐཱན་འགྱུར་གྱི་མེ་གསོད་ཆས་བཀོལ་ནས་མེ་བསད་ན་ལེགས།  མེ་གསོད་ཆས་རིགས་འདི་གཉིས་ནི་གློག་ཆས་ཀྱི་མེ་གསོད་ཐད་སྤྱོད་པ་ཡིན་པས་གློག་ཆས་རང་སྟེང་ལ་སྐྱོན་མི་བཟོ་བའི་མི་ཚད་མི་ལ་གློག་རྒྱག་པའི་སྣང་ཚུལ་ཡང་མི་འབྱུང་བ་ཡིན།

ཁྱིམ་དུ་མེ་གསོད་ཆས་དེ་རིགས་བསྒྲིགས་མེད་ན།   ལྭ་བ་དང་ཡང་ཉལ་ཐུལ་མཐུག་པོས་རྡེག་པའམ་ཡོངས་སུ་བཀབས་རྗེས་ལམ་སེང་ཉེན་བརྡ་རྒྱག་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།