ཟླ8པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་པའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྙན་རིས་ཚོགས་འདུའི་ལམ་ནས། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཆེད་དོན་འཆད་ཁྲིད་སྤེལ་ཏེ། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ། སློབ་གསོ་པུའུ་ཡི་འབྲི་ཆུའི་མཁས་དབང་གི་ཆེད་ཞུའི་དགེ་རྒན་ཆེན་མོ་བ་ཧོ་ཀྲིན་ཞིན་གདན་དྲངས་ནས་ཟུར་ཁྲིད་སྙན་ཞུ་ཕུལ།
འཆད་ཁྲིད་ལས“དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་འོག་གི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་ཉེན་ཁ་དང་དེ་བཞིན་ཁ་གཏད་གཅོག་རྒྱུ”བརྗོད་དོན་གཙོ་བོར་བཟུང་སྟེ། ཞིབ་ཕྲའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས། ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་གོ་རིམ་དང་། དུས་རབས་ཀྱི་རྒྱབ་ལྗོངས་ལ་མ་ལག་ཚང་བའི་སྒོ་ནས་གསེད་བཀྲོལ་བྱས་པ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་ཉེན་ཁ་དང་དེ་བཞིན་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་འགན་གཙོ་བོར་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས། ཐེངས་འདིའི་འཆད་ཁྲིད་ལ་ནང་དོན་གྱི་ཆ་ནས་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་དང་ལག་ལེན་ཆ་ནས་མཛུབ་སྟོན་གྱི་དོན་སྙིང་གཉིས་ཀ་ལྡན་ཡོད་པས། མཚོ་སྔོན་གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་བསྐྲུན་པ། མཚོ་སྔོན་གྱི་ཁེ་ལས་ཕྱིར་སྐྱོད་ལ་རམ་འདེགས་བྱེད་པར་མཛུབ་ཁྲིད་གསལ་བོ་འདོན་སྤྲོད་བྱས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་རྐང་ཚུགས་པར་བྱས་ཏེ། ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་དོན་ཐག་གཅོད་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཉེན་ཁ་སྔོན་འགོག་དང་སེལ་བ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ནང་ཞུགས་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མངོན་སུམ་ཇེ་དྲག་ཏུ་བཏང་།
འཆད་ཁྲིད་ལས་ཞིང་ཆེན་ཡོངས་ཀྱི་ཁྱོན་ཆེན་པོ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། 《མཚོ་སྔོན་ཞིང་ཆེན་གྱིས2026ལོར་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། “དངུལ་གཏོང་ལས་དར•མཚོ་སྔོན་གྱི་ལེགས་འདེམས”སྤུས་རྟགས་སྐྲུན་པའི་བྱེད་ཐབས་འགའ》དང་། 《མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དོན་ཚན་བཅུ》ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་དོན་ཕྱོགས་སོ་སོའི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ། གཉེར་སྐྱོང་བྱེད་པོར་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་བློ་འདྲི་དང་ཉེན་ཁའི་སྔོན་བརྡ། རྩོད་གཞི་སེལ་ཐབས་བཅས་གཞི་གཅིག་ཅན་གྱི་ཁྲིམས་སྐྱོང་ཞབས་ཞུ་འདོན་སྤྲོད་བྱས་ནས། ཁེ་ལས་ཀྱི་རྒྱལ་ཁོངསས་བརྒལ་བའི་གཉེར་སྐྱོང་ལུགས་མཐུན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གི་ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ། གཉེར་སྐྱོང་བྱེད་པོའི་ཁྲིམས་སྐྱོང་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ་བཏོན།