མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་ལྷོ་གཞོངས་གཙང་བོའི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས3ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་གྲོང་ཁྱེར་དུ། ལྷོ་གཞོངས་གཙང་བོའི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་གྲོས་ཀྱི་འགན་ནུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལྷོ་གཞོངས་གཙང་བོའི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་གཅིག་སྡུད་སྒོས་ཆུ་བོ་དྭངས་ཤིང་གཙང་ཞིང་ཆུ་བོའི་འགྲམ་ངོགས་ཀྱི་སྔོ་ལྗང་ཡུལ་ལྗོངས་མཛེས་པ། མི་དང་ཆུ་བོ་འཆམ་མཐུན་ཡིན་པ། སྐྱེ་ཁམས་འཚོ་གནས་ལ་འཚམ་པ་བཅས་ཀྱི་མཐོ་སྒང་གྲོང་ཁྱེར་གྱི་བདེ་སྐྱིད་ཆུ་བོ་དང་མཚེའུ་ཡི་མ་དཔེ་བསྐྲུན་པར་འབད་དེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་ཇེ་ཆེར་གཏོང་དགོས།

ལྷོ་གཞོངས་གཙང་བོ་ནི་ཙོང་ཆུའི་ཆུ་ལག་གལ་ཆེན་ཞིག་ཡིན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་སྐྱེ་ཁམས་བར་ཁྱམས་གཙོ་བོ་དང་གྲོང་མིའི་ཆུ་འགྲམ་གྱི་སྤྲོ་གསེང་བར་སྟོང་གལ་ཆེན་ཞིག་ཡིན་པས། ད་ལོ་རྒྱལ་ཁབ་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལས་གཞི་ཁྲོད་བདེ་བླག་ངང་བདམས་ཡོད། མགོན་པོ་བཀྲ་ཤིས་ཀྱིས་སྔ་རྗེས་སུ་ལྷོ་གཞོངས་གཙང་བོའི་ཞིན་ཧེ་ལམ་ཟམ་གྱི་ལྷོའི་ལམ་མཚམས་དང་། ཞིན་ཨན་ཀྲོང་ཟམ་དུམ། དེ་བཞིན་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམ་ལྟེ་གནས་བཅས་སུ་སོང་ནས། ལྷོ་གཞོངས་གཙང་བོའི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལས་གཞིའི་སྤྱིའི་འཆར་འགོད་དང་གཙོ་གནད་བཟོ་སྐྲུན། མ་ལག་ཚང་བའི་ལས་གཞི། འགྲམ་རྒྱུད་ཀྱི“སྤུས་ཚད་མཐོར་འདེགས་དང་ལས་རིགས་དར་རྒྱས། དམངས་ཕན”བཅས་ཀྱི་ལས་གཞི། བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱིས་ལྷོ་གཞོངས་ཡུག་ཁུལ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས། ཡུལ་དངོས་ནས་ཆུ་རྐ་གཙང་སེལ་དང་སྐྱེ་ཁམས་འགྲམ་རྒྱུད་སྒྱུར་བཀོད། ཆུ་གཤིས་དོ་དམ་སྲུང་སྐྱོབ། འགྲམ་རྒྱུད་ཀྱི་མཛེས་ལྗོངས་སྔར་ལས་ཇེ་ལེགས་སུ་གཏོང་བ། ཚོང་ལས་ལས་རྣམ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་དང་མ་དངུལ་གཅིག་འདོམས། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན། ཡུན་ཕན་དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་འཛུགས་སྐྲུན་བཅས་ལ་འདྲི་རྩད་བྱས། མགོན་པོ་བཀྲ་ཤིས་ཀྱིས་ལས་གཞི་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ནི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་དང་དམངས་འཚོའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པར་བརྟེན། སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་དང་མཛེས་ལྗོངས་བསྐྲུན་པ། དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས། ལྷོ་གཞོངས་གཙང་བོ་དེ་མི་དམངས་མང་ཚོགས་ཀྱི་སྒོ་འགྲམ་གྱི་མཛེས་སྡུག་ལྡན་པའི་ཆུ་བོ་དང་བདེ་སྐྱིད་ལྡན་པའི་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས།

དེའི་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་བྱ་བའི་གནས་ཚུལ་ངོ་སྤྲོད་ལ་ཉན་ནས་ནན་གྱིས་བསྟན་དོན། ལྷོ་གཞོངས་གཙང་བོའི་བདེ་སྐྱིད་ཆུ་བོ་དང་མཚེའུ་བསྐྲུན་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན། མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཆུ་བོ་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱས་ཏེ། མ་དངུལ་གྱི་སྟོབས་ཤུགས་གོ་རིམ་གལ་ཆེན་དང་བཟོ་སྐྲུན་གལ་ཆེན་ལ་གཏོང་བ་དང་། མཐོ་སྒང་གྲོང་ཁྱེར་གྱི་ཆུ་བོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། “ཆུ་བོ་དང་མཚེའུ་དང་ཚ་གཡོལ། ཚོང་ལས། རིག་གནས་ལུས་རྩལ། ཁམས་གསོ”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་རྣམ་པ་བསྐྲུན་ཏེ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་རུ་བསྒྱུར་དགོས། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས། ལྷོ་གཞོངས་གཙང་བོའི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་མུ་མཐུད་དོ་ཁུར་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ནན་མོ་བྱེད་པ། གྲོས་གཞི་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་སོགས་ཀྱི་རྣམ་པའི་ཐོག་ནས་ཐབས་འདོན་ཇུས་འབུལ་འབད་པས་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་སྐྱེ་ཁམས་དམངས་ཕན་གྱི་མཐོ་སྒང་གྲོང་ཁྱེར་གྱི་བདེ་སྐྱིད་ཆུ་བོ་བསྐྲུན་རྒྱུར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཝང་ཝེ་ཏུང་དང་ལི་ཞའོ་ནན། ཐེན་ཁུའེ་བཅས་རྟོག་ཞིབ་ཁྲོད་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།