ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཞིང་སའི་དོ་དམ་དང་ཞིང་ལས་ཀྱི་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་གཅིག་གྱུར་འཆར་འགོད་ལ་དམ་འཛིན་ཡག་པོ་བྱེད་དགོས་པར་བསྟན་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར་རྒྱལ་ཡོངས་སུ་འབྲུབ་འགོག་ཐན་འགོག་གི་འགག་རྩའི་དུས་སྐབས་སུ་བསླེབས་ཡོད་ལ། སྟོན་འབྲུའི་ཐོན་ཚད་གྲུབ་པའི་འགག་རྩའི་དུས་སྐབས་ཀྱང་ཡིན། གསར་འགོད་པས་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཉེ་ཆར་ཧྲན་ཏུང་ཏེ་ཀྲོའུ་རུ་རྒྱལ་ཡོངས་ཀྱི་སྟོན་འབྲུ་ཐོན་སྐྱེད་བྱ་ཡུལ་དུ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས། ནུས་ཤུགས་ཡོད་རྒུས་ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ལས་དོན་ཡག་པོར་བསྒྲུབས་ཏེ། སྟོན་འབྲུ་དང་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ལོན་པར་བརྩོན་ལེན་བྱས།  

ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་ཚོགས་འདུའི་ཐོག་བསྟན་དོན། ཉིན100རིང་འབད་འཐབ་བྱས་ནས་ས་ཞིང་དོ་དམ་དང་གནོད་འགོག་གེགས་སེལ་ལ་ཤུགས་བསྣན་ནས་སྟོན་འབྲུ་ལོ་ལེགས་ཡོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལོ་ཏོག་དང་ས་ཁོངས་དབྱེ་ནས་ཆུ་ལུད་དོ་དམ་དང“གཏོར་གཅིག་མང་སྐུལ”སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ། ལྗང་མྱུག་གི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་། འབྲུབ་དུས་ཀྱི་ཞིང་ལས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཇེ་ཆུང་དུ་གཏོང་བའི་སྔོན་ཇུས་དོན་འཁྱོལ་བྱས་ཏེ། དྲག་ཆར་ཆུ་ལོག་དང་། ཐན་པ། དྲོད་ཚད་མཐོ་བའི་ཚ་སྐྱོན། རྒྱ་མཚོའི་རླུང་འཚུབ་སོགས་ཀྱི་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྔ་ས་ནས་སྔོན་འགོག་དང་ཁ་གཏད་གཅོག་པ། ཞིང་ལས་ཐོན་སྐྱེད་ཀྱི་རྒུད་སྐྱོབ་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ། ཚད་མཐོན་པོས་གནོད་སྐྱོན་དང་གྱོང་གུད་ཇེ་ཆུང་དུ་བཏང་། ནད་འབུའི་གནོད་འཚེ་ཚབས་ཆེན་ལ་དོ་སྣང་ཆེན་པོ་བྱས་ཏེ་གཅིག་གྱུར་སྔོན་འགོག་དོ་དམ་དང་། མཉམ་འགོག་མཉམ་འཛིན། འཕྲལ་སྡོམ་འགོག་སྡོམ་བཅས་ལ་སྐུལ་འདེད་བཏང་ནས་ནད་འབུའི་གནོད་སྐྱོན་འགོག་སྡོམ་དམག་འཐབ་ཡག་པོར་རྒྱག་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།