ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ8པའི་ཚེས3ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ནོར་སྲིད་པུའུ་ཡིས་ཞིང་ལས་གྲོང་གསེབ་པུའུ་དང་ཆུ་བེད་པུའུ་དང་མཉམ་དུ་ཞིང་ལས་གནོད་འགོག་གནོད་སེལ་དང་ཆུ་བེད་གེགས་སེལ་མ་དངུལ་སྒོར་དུང་ཕྱུར21.54གཤམ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྡེ་ཚན་གསུམ་གྱིས་ཐེངས་འདིའི་མ་དངུལ་གཤམ་སྤྲོད་བྱས་པ་སྟེ། གཅིག་ནི་ཀོང་ཞི་དང་། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)6གིས་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཆུ་སྐྱོན་ཉམས་གསོ་སོགས་ཞོད་སྐྱོན་དང་ས་ཡོམ་གྱི་གནོད་ཕྱིའི་རྒུད་སྐྱོབ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས། ཆུ་བེད་ལས་གྲྭ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་ལེན་བྱ་རྒྱུ་དང་། གཉིས་ནས་ལེའོ་ཉིང་དང་། ཅི་ལིན། ཀྲེ་ཅང་། ཀོང་ཞི། ཧུའུ་པེ་སོགས་ཞིང་ཆེན(རང་སྐྱོང་ལྗོངས)5ཡིས་ཞིང་སའི་ལོ་ཏོག་གི་ཆུ་ལུད་དོ་དམ་དང་། ཐོན་འབབ་ཆད་པའི་ས་ཆར་འདེབས་སྒྱུར་གསབ་འདེབས་བྱེད་པ། ཕྱུགས་ལས་དང་ཉ་ལས་ཀྱི་མྱུ་གུ་གསབ་པ། གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་ཉམས་གསོ་བྱེད་པ་སོགས་གནོད་ཕྱིའི་ཐོན་སྐྱེད་སླར་གསོའི་ལས་དོན་སྤེལ་བར་རོགས་སྐྱོར་བྱེད་པ། གསུམ་ནི་ཧྲན་ཞི་དང་། ཤིན་ཅང་། ཀན་སུའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱིས་ཞིང་ལས་ལོ་ཏོག་འདེབས་སྒྱུར་གསབ་འདེབས་དང་། ཕྱུགས་ལས་གསབ་ར་སོགས་ཆུ་ལོག་ཞོད་སྐྱོན་དང་སེར་བའི་གནོད་འཚེ་བྱུང་རྗེས་ཀྱི་གེགས་སེལ་ལས་དོན་དུས་ཐོག་ཏུ་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཐོན་སྐྱེད་མགྱོགས་མྱུར་ངང་སླར་གསོ་བྱེད་པ། བཞི་ནས་རོགས་སྐྱོབ་སྔོན་འགོག་སྦྲེལ་མཐུད་བྱ་རྒྱུར་དམིགས་ནས་ཧོ་པེ་དང་། ནང་སོག ཅི་ལིན། ཧེ་ལུང་ཅང་། ཅང་སུའུ། ཨན་ཧུའེ། ཅང་ཞི། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཧུའུ་ནན། ཤིན་ཅང་། སི་ཁྲོན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)13དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང། པེ་ཏ་ཧོང་ས་རྒོད་གསར་སྦོལ་ཚོགས་པ་བཅས་ཀྱིས་སྟོན་འབྲུའི་གནོད་འཚེ་སྔོན་འགོག་བྱ་ཐབས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྟོན་འབྲུ་དང་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཡོང་བར་རོགས་རམ་བྱ་རྒྱུ་རེད། །