སྡེ་ཚན་བཞིས་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་ནས་གཅིག་གྱུར་སྒོ་དབྱེའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག《འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་དེའི་དམིགས་ཡུལ་ནི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་མི་འདང་བ་དང་། སྐྱེལ་འདྲེན་ཞབས་ཞུ་མཉམ་འདྲེས་མི་འདང་བ། ལམ་ལུགས་སྒྲིག་སྲོལ་གྱི་ཚད་གཞི་མི་འདྲ་བ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་མཉམ་སྤྱོད་མི་འདང་བ་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་སྲུང་འདོན་སྤྲོད་བྱས། 

ཇུས་གཞིའི་ནང་། ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་ཆོག་འཐུས་དང་ཕྱིར་འཐེན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་རིགས་ཀྱི་རིན་གོང་དམའ་ཞིང་གོ་རིམ་མེད་པའི་འགྲན་རྩོད་བཅོས་སྒྲིག་ཤུགས་ཆེན་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་སྲིད་དོན་ཞབས་ཞུ“ཞིང་ཆེན་ལས་བརྒལ་ནས་གཅིག་འཐུས་སུ་སྒྲུབ་པར”སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་དང་། ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་ནང་དེང་རབས་ཅན་དང་སྤུས་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་དང་། སྣ་མང་མུ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འགྲིམ་འགྲུལ་ཟོག་འགྲེམས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་སྐྱེལ་འདྲེན་གཞི་གཅིག་ཅན་སྔོན་ལ་ཚད་བརྒལ་ཡོང་བར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན། སྲིད་གཞུང་གི་བྱ་སྤྱོད་ཚད་གཞི་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་ནང་ལས་རིགས་ཀྱི་སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་ཤུགས་ཆེན་བྱེད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་སུ་སྲིད་འཛིན་དབང་ཆ་གང་བྱུང་དུ་སྤྱད་ནས་འགྲན་རྩོད་ཀྱི་བྱ་སྤྱོད་མེད་པར་བཟོ་བ་དང་ཚོད་འཛིན་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་སྲིད་གཞུང་ཁ་གསབ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་བཏོན་ཡོད།

ཇུས་གཞིའི་ནང་། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲིམས་འཛིན་ཚད་གཞི་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་སྟེགས་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་སོགས་ཀྱི་གཙོ་གནད་ལས་འགན་དང་། ཁྲོམ་རའི་རྒྱུ་རྐྱེན་གཙོ་བོ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་ནང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲངས་གཞི་མཉམ་སྤྱོད་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ལེགས་བསྡུས་ཞིབ་གཉེར་བེད་སྤྱོད་ལ་སྐུལ་སྤེལ་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན། ཚོང་ར་རྒྱལ་ཁབ་ཕྱི་ནང་དུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བའི་ནང་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཚོང་ར་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གསར་དར་ཚོང་ར་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་པ། དམངས་གཉེར་སོགས་སྤྱི་ཚོགས་ཀྱི་མ་རྩ་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་པར་བསྔགས་སྐུལ་བྱེད་པ་སོགས་གཙོ་གནད་ལས་འགན་ཚུད་ཡོད་པ་གསལ་བོར་བསྟན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།