ཏང་ཡོན་གྱི་དམངས་གཙོའི་དཔྱད་གླེང་ཡིག་ངོས་ཙམ་དུ་འཇོག་མི་རུང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

དམངས་གཙོའི་སྒོ་ནས་ཏང་ཡོན་ལ་དཔྱད་གླེང་བྱེད་པ་ནི་ཏང་གི་རྩ་འཛུགས་འཚོ་བའི་ནང་དོན་གལ་ཆེན་ཞིག་དང་། ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པའི་ལམ་ལུགས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན། གཙོ་བོ་རྒྱུན་རྣམ་ཅན་གྱི་སྒོ་ནས་དཔྱད་གླེང་དང་། ཞིབ་བཤེར་ཟབ་མོ་བྱེད་པ། གཟབ་ནན་ལེགས་བཅོས་བཅས་བྱས་པ་བརྒྱུད། བཟང་ངན་དབྱེ་འབྱེད་གནད་ལ་འཁེལ་བ་དང་། ནོར་འཛོལ་དང་ཞན་ཆ་དག་བཅོས་བྱས་ནས་གཞི་རིམ་ཏང་ཡོན་དཔུང་སྡེའི་སྐྱེ་སྟོབས་དང་གསོན་ཤུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།  གཞི་རིམ་ཏང་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོར་གཏོང་དགོས།

འོན་ཀྱང་། མིག་སྔར་གཞི་རིམ་གྱི་ཏང་ཡོན་ལ་དམངས་གཙོའི་དཔྱད་གླེང་བྱེད་པའི་བྱ་བའི་ཁྲོད་བརྒྱུད་རིམ་ལ་མཐོང་ཆེན་བྱེད་པ་ལས་ཕན་འབྲས་ལ་སྣང་ཆུང་བྱེད་པ་དང་། ལོ་མཇུག་སྤྱི་བསྡོམས་ལ་མཐོང་ཆེན་བྱེད་པ་ལས་རྒྱུན་ལྡན་གྱི་བྱ་བར་སྣང་ཆུང་བྱེད་པ། དཔྱད་འཇོག་ལ་མཐོང་ཆེན་བྱེད་པ་ལས་བཀོལ་སྤྱོད་ལ་སྣང་ཆུང་བྱེད་པའི་སྣང་ཚུལ་ཆགས་ཡོད། ཏང་ཀྲི་པུའུ་མི་ཉུང་བ་ཞིག་གིས་དཔྱད་གླེང་བྱེད་སྐབས་གོ་རིམ་གནད་ལ་འཁེལ་བ་དང་། ཡིག་ཚགས་ཆ་ཚང་བ། སྟབས་བདེའི་ངང་བྱ་བ་འགྲུབ་ཐབས་བྱེད་པ་སོགས་ཀྱི་རེ་བ་ལྟར་ལས་སྒྲུབ་བྱེད་ཀྱིན་ཡོད། དཔྱད་གླེང་གི་ཚད་གཞི་འོལ་ཚོད་མག་མོག་ཡིན་པ་དང་། དཔྱད་བསྡུར་བྱེད་སྟངས་སྣ་གཅིག་གཏན་འཁེལ་ཅན་ཡིན་པས། དུས་རྒྱུན་གྱི་དཔྱད་བསྡུར་ཡུན་རིང་ལ་ཆད་ལྷག་བྱུང་ཡོད། ཏང་ཡོན་གྱིས་ཕན་ཚུན་དཔྱད་གླེང་བྱེད་སྐབས་དངོས་གཡོལ་རྫུན་བཅོས་དང་། ཕྱི་ཚུལ་ཅན་གྱི་རྣམ་པ་ཡོད་པ། “མི་བཟང་རིང་ལུགས” ཀྱི་བྱེད་སྟངས་རྒྱུགས་ཆེ་བ། དཔྱད་གླེང་བྱས་འབྲས་བེད་མེད་ནུས་མེད་ཡིན་པ། གནད་དོན་ཞིབ་བཤེར་དང་དག་ཐེར་བྱེད་སྟངས་ནུས་མེད་སྟོང་ཟད་དུ་གྱུར་ནས་དཔྱད་གླེང་ལམ་ལུགས“ལོ་རེར་ལག་བསྟར་དང་ལོ་རེར་ནུས་མེད་ཡིན་པ”དང་། ཏང་ཡོན་ཁག་ཅིག་ལ་མཚོན་ན“དཔྱད་གླེང་བྱེད་མིན་གཅིག་མཚུངས་ཡིན་པ་དང་། དཔྱད་གླེང་གི་བཟང་ངན་ཡང་གཅིག་མཚུངས་ཡིན་པ་རེད།” ཡུན་རིང་བོར་དེ་ལྟར་སྒྲུབ་ཚེ་སྔོན་ཐོན་ལ་སྐུལ་མ་གཏོང་བ་དང་། རྗེས་ལུས་ལ་སྐུལ་ལྕག་གཏོང་བ། དཔུང་སྡེ་ལེགས་པོར་བསྒྱུར་བ་བཅས་ཀྱི་ཐོག་མའི་བསམ་འདུན་འགྲུབ་དཀའ་བར་མ་ཟད། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་བསྒྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས། “ཡིག་ངོས་རྣམ་པའི”དཔྱད་གླེང་མེད་པར་བཟོ་བའི་གནད་འགག་ནི་རྫུན་བརྟོལ་བདེན་འཚོལ་དང་སྐྱོན་སེལ་སྤུས་འདེགས་ཡིན་ཞིང་། དཔྱད་གླེང་གི་བྱ་བ“བརྒྱུད་རིམ་གཙོ་བོར་བྱེད་པའི་རྣམ་པ”ནས“ཕན་འབྲས་དངོས་མཐོང་གཙོ་བོར་བྱེད་པའི”ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

གནད་འཁེལ་སྒོས་རིགས་དབྱེ་དང་དམིགས་ཚད་གཏན་འཁེལ་བྱས་ཏེ་སྟབས་བདེའི་དཔྱད་འཇོག་གི་སྐྱོན་ཆ་སེལ་བ། དཔྱད་གླེང་གནད་འཁེལ་མིན་པ་དང་སྐར་མ་གང་འདོད་དུ་རྒྱག་པ་ནི་དཔྱད་གླེང་བྱ་བ་ཕྱི་ཚུལ་ཅན་དུ་འགྱུར་བའི་གཞི་རྩ་ཡིན། གཞི་རིམ་གྱི་དཔྱད་གླེང་ནི་དུས་ཡུན་རིང་པོའི་ནང་ཐུན་མོང་དུ་སྤྱོད་པའི་མ་དཔེ་སྤྱད་དེ“མགོ་ནས་མཇུག་བར་དུ་ཚད་ཐིག་གཅིག་གིས་འཇལ”ཏེ། ཁྱབ་ཁོངས་མི་འདྲ་བ་དང་ལས་གནས་མི་འདྲ་བའི་ཏང་ཡོན་གྱི་འགན་འཁྲི་སྒྲུབ་པའི་ཁྱད་པར་སྣང་མེད་དུ་བཞག་པས་དཔྱད་གླེང་དོན་ཤོར་ནུས་ཤོར་ཅན་དུ་གྱུར། ཏང་ཡོན་ལས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་ནས“རྨང་གཞིའི་ཚད་གཞི+རིགས་དབྱེའི་དངོས་འབྲས+འགུལ་རྣམ་སྣོན་འཕྲི”བཅས་ཀྱི་དཔྱད་གླེང་ཚད་གཞིའི་མ་ལག་བཙུགས་ཏེ། ཆབ་སྲིད་ཀྱི་སྒྲིག་ལམ་དང་། རྩ་འཛུགས་ཀྱི་འཚོ་བ། སྤྱོད་གཙང་རང་གཅུན་བཅས་ཀྱི་མ་མཐའི་བླང་བྱ་གཅིག་གྱུར་དང་། ལས་ཁུངས་དང་། གྲོང་གསེབ། རྩ་འཛུགས་གསར་པ་གཉིས། འཁོར་སྐྱོད་ཏང་ཡོན། ལོ་ན་རྒས་པ་དང་ལུས་སྟོབས་ཞན་པའི་ཏང་ཡོན་བཅས་ལ་དཔྱད་བསྡུར་གཙོ་གནད་ཁྱད་པར་ཅན་དུ་བྱས་ཏེ། འགན་འཁྲི་སྒྲུབ་པ་དང་། དམངས་ལ་ཞབས་འདེགས་ཞུ་བ། འགག་སྒྲོལ་བློས་གཏོང་། མང་ཚོགས་ཀྱི་བསམ་ཚུལ་གདེང་འཇོག་གི་རྩ་བའི་ཚད་ཐིག་ཏུ་བཟུང་། སྐར་གྲངས་སྣོན་འཕྲི་ཞིབ་ཐོ་ཞིབ་ཕྲ་བཟོས་པར་བརྟེན། གྲུབ་འབྲས་དངོས་ཚད་ལེན་བྱེད་ཐུབ་པ་དང་། བཟང་ངན་དབྱེ་འབྱེད་ཐུབ་པ་བྱས་ཤིང་། བག་ཆགས་ཀྱི་སྐར་གྲངས་དང་། བརྩེ་འདང་གི་སྐར་གྲངས་སོགས་གཏན་འགོག་བྱས་ཏེ། ཏང་ཡོན་གྱི་འགན་འཁྲི་སྒྲུབ་པའི་རྣམ་འགྱུར་དངོས་ལ་ཡང་དག་ཅིང་ལུགས་མཐུན་གྱི་སྒོ་ནས་དཔྱད་བསྡུར་བྱེད་དགོས།

དཔྱད་གླེང་གི་རྣམ་པ་གཟབ་ནན་དུ་བྱས་ཏེ་མི་བཟང་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་བྱེད་དགོས། ཏང་ནང་ཁུལ་གྱི་དཔྱད་གླེང་བརྩེ་སེམས་ཅན་དུ་འགྱུར་བ་དང་སྐྱོན་བརྗོད་གཅིག་མཚུངས་ཅན་དུ་འགྱུར་བ་ནི་དཔྱད་འཇོག་གི་སྤུས་ཚད་དང་ཕན་འབྲས་ལ་ཚོད་འཛིན་བྱེད་པའི་གེགས་གནད་ཡིན། ཀྲི་པུའུ་ཁག་ཅིག་གི་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དོན་དངོས་མིན་པ་དང་། ཕན་ཚུན་སྐྱོན་བརྗོད་བྱེད་པ་ལྕི་གཡོལ་ཡང་བརྗོད་བྱེད་པ། བྱེད་ཐབས་བེད་མེད་ཡིན་པས། གདོང་དམར་པོར་འགྱུར་བ་དང་རྔུལ་ཆུ་བཞུར་བ། དུག་འབུད་ནད་སེལ་གྱི་བྱེད་ནུས་ཉམས་པ། རྩ་དོན་མེད་པར་བཟོད་སྒོམ་བྱེད་པའི་གོམས་སྲོལ་ངན་པ་གཙང་སེལ་མཐའ་འཁྱོལ་བྱས་ཏེ། བདེན་པ་བདེན་ཐུབ་ཀྱི་དཔྱད་གླེང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཚོགས་འདུའི་སྔོན་ལ་ཏང་ཡོན་གྱི་དུས་རྒྱུན་གྱི་འགན་འཁྲི་སྒྲུབ་པའི་རྩིས་ཐོ་དང་གནད་དོན་ཞིབ་ཐོ་སྡུད་སྒྲིག་བྱས་ཏེ། དཔྱད་གླེང་དོན་དངོས་ཀྱི་གཞི་འཛིན་ས་བརྟན་པོར་གཏོང་དགོས། ཚོགས་འདུའི་སྐབས་སུ་མ་དཔེ་ཅན་དང་ཐབས་ལམ་ཅན་གྱི་དཔྱད་གཏམ་གཏན་འགོག་བྱས་ཏེ། ཏང་ཡོན་རང་ཉིད་ལ་དབྱེ་ཞིབ་བྱས་ཏེ་སྐྱོན་ཆ་གསལ་འདོན་བྱེད་པ་དང་། ཕན་ཚུན་སྐྱོན་བརྗོད་བྱེད་སྐབས་ཐད་ཀར་ཞིབ་ཕྲའི་གནད་དོན་ཐེར་འདོན་བྱེད་དུ་འཇུག་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་དང་རང་འགུལ་ངང་ཞིབ་བཤེར་བྱེད་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་ལྟ་སྐུལ་མཛུབ་སྟོན་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་བསྟོད་བསྔགས་བྱེད་པ་དང་དོན་དངོས་གནད་དོན་མི་གླེང་བ། འགྲོ་ཐབས་འདུག་ཐབས་བྱེད་པའི་ཀྲི་པུའུ་ལ་བསྐྱར་ལས་བྱེད་པར་ལྟ་སྐུལ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཏན་ཏིག་བྱེད་དགོས།

གདུབ་ཟུམ་བེད་སྤྱོད་ལེགས་པོར་བྱས་ཏེ་དཔྱད་གླེང་ཁ་ཐོར་གྱི་ཁེགས་གནས་སེལ་དགོས། དཔྱད་གླེང་ནི་དམིགས་ཡུལ་མིན་པ་དང་། དཔྱད་གླེང་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་དང་། དཔྱད་གླེང་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད། དཔྱད་གླེང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བྱེད་པ་བཅས་ནི་རྩ་བའི་ཡང་སྙིང་ཡིན།  “དཔྱད་གླེང་དང་། བེད་སྤྱོད། ལེགས་བཅོས”བཅས་ཕན་ཚུན་ཁ་ཐོར་བྱུང་བའི་གནད་དོན་ཡོ་བསྲང་མཐའ་འཁྱོལ་བྱས་ཏེ། ཚན་རིག་དང་མཐུན་པའི་དཔྱད་གླེང་དང་། ལག་བསྟར་དོན་འཁྱོལ་བྱེད་པ། གདུབ་ཟུམ་གྱི་དག་ཐེར་གྱི་སྦྲེལ་ཐག་ཡོངས་ཀྱི་ནང་རྐྱེན་འཛུགས་པ། ཕུལ་བྱུང་ཏང་ཡོན་རེས་མོས་ཀྱིས་གཟེངས་བསྟོད་བྱེད་པ་དང་དོ་མཉམ་གྱིས་ལྟ་སྐྱོང་བྱེད་པ་མཐའ་གཅིག་ཏུ་གཏན་འགོག་དང་། གྲུབ་འབྲས་དངོས་དང་བསྔགས་བརྗོད་ལྟར་ཨང་རིམ་གཏན་འཁེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་ལ་སྐུལ་འདེད་དང་དཔེ་སྟོན་སྣེ་ཁྲིད་བྱེད་དགོས། དཔྱད་གླེང་རྗེས་ལུས་དང་འགན་སྒྲུབ་ཧུར་བརྩོན་མིན་པ། སྤྱོད་ཚུལ་ལྷོད་གཡེང་བཅས་ཡིན་པའི་ཏང་ཡོན་ལ། རེ་རེ་བཞིན་ཁ་བརྡ་བྱས་ནས་སྐྱོན་ཆ་ཡོ་བསྲང་དང་། དུས་བཅད་ལྟར་དག་ཐེར་བྱེད་དགོས། དུས་ཡུན་རིང་པོར་རྩ་འཛུགས་དང་ཁ་བྲལ་བ་དང་། དག་ཐེར་ལེགས་བཅོས་ནུས་ལྡན་མིན་པ། མང་ཚོགས་ཀྱི་ལྟ་ཚུལ་མི་བཟང་བ་སོགས་ཀྱི་ཏང་ཡོན་ལ་སྒྲིག་སྲོལ་ལྟར་སློབ་གསོ་རོགས་སྐྱོར་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས། དུས་མཚུངས་སུ་གནད་དོན་དག་ཐེར་དང་ལེགས་བཅོས་ཀྱི་རྩིས་ཐོ་བཟོས་ནས་རྩིས་ཐོ་དོ་དམ་དང་། ཐོ་བསུབ་ལེགས་བཅོས་བྱེད་པ། རྒྱུན་རྣམ་ཕྱིར་བལྟ་བྱེད་པ་བཅས་ལག་བསྟར་བྱས་ཏེ། དཔྱད་གླེང་ལམ་ལུགས་ཀྱི་ལེགས་ཆ་དེ་ཏང་ནན་གྱིས་སྐྱོང་པ་དང་གཞི་རིམ་གྱི་དཔུང་སྡེ་སྟོབས་ཆེར་གཏོང་བའི་དོན་དངོས་ཕན་འབྲས་སུ་བསྒྱུར་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།