ཉེ་ལམ་གསར་འགྱུར་བཅར་འདྲི་ཚོགས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོར་བསྐྱོད་ཅིང་། གནས་དེ་ན་འཁྲུག་ཆ་དོད་པའི་དམིགས་བསལ་གྱི་སྒྲོག་འགྲེལ་རུ་ཁག་ཅིག་ཡོད། ཁོ་མོ་ཚོས་ལུས་ལ་གཅིག་གྱུར་གྱི་སྟོད་གོས་དམར་པོ་གྱོན་ཞིང་རྟ་ཕོར་བཅིབས་ནས་རྩྭ་ཐང་དང་འབྲོག་ཁུལ་གྱི་བར་ལ་འགྲོ་འོང་བྱེད་ཅིང་། ཏང་གི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སྐོར་གྱི་སེམས་དྲོ་བའི་ཞབས་ཞུ་འབྲོག་པ་མང་ཚོགས་ཀྱི་སྒོ་མདུན་དུ་འདོན་པས། མང་ཚོགས་ཀྱིས་ཁོ་མོ་ཚོ་ལ་རྟ་ཐོག་བུད་མེད་དྲིལ་སྒྲོག་རུ་ཁག་ཅེས་འབོད་ཀྱི་ཡོད་ལ། ས་གནས་དེ་གའི་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་དང་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་པའི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད།
སྲོལ་རྒྱུན་གྱི་སྒྲོག་འགྲེལ་དང་མི་འདྲ་ས་ཞིག་ནི། སྒྲོག་འགྲེལ་རུ་ཁག་གིས་མང་ཚོགས་ཀྱིས་གོ་བདེ་བའི་ལམ་ནས་ཏང་གི་གསུང་སྐད་བསྒྲགས། ཁོ་ཚོ་འབྲོག་ཁྱིམ་ལ་སླེབས་མ་ཐག་སྔོན་ལ་འབྲོག་པའི་བར་རང་བཞིན་གྱི་ཁ་བརྡ་བྱེད་པ་དང་། ཐོག་མའི་འཚམས་འདྲི་ཁྲོད་གནད་དོན་འཚོལ་བ་དང་། དེ་ནས་ཏང་གི་གཞུང་ལུགས་གསར་གཏོད་དང་། དམངས་ཕན་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ། སྐྱེ་ཁམས་སྲུང་སྐྱོབ། སྨན་བཅོས་འགན་སྲུང་དང་རྩིས་ཞུ། བརྡ་འཕྲིན་ཁ་བསླུས་སྔོན་འགོག དེ་མིན་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་ལ་སོགས་ནང་དོན་དམིགས་སུ་བཟུང་ནས་སྒྲོག་འགྲེལ་བྱེད་པ་དང་། རྙོག་འཛིང་གི་སྲིད་ཇུས་དོན་ཚན་དག་ཉེ་འགྲམ་གྱི་གྱོད་དཔེ་དང་འབྲེལ་ཞིང་། གཞུང་ལུགས་ཀྱི་སྐད་ཆ་དག་མང་ཚོགས་ཀྱི་སྐད་ཆར་བསྒྱུར་ནས་འབྲོག་པ་མང་ཚོགས་ཀྱིས་གོ་སླ་ཞིང་འཛིན་བདེ་བ་སྤྱོད་ཐུབ་པ་བྱས།

ང་ཚོས་ཟླ་རེར་སྒྲོག་འགྲེལ་རྒྱུན་འཁྱོངས་བྱས་པ་ཡིན། མང་ཚོགས་ལ་དགོས་མཁོ་ཡོད་ཚེ་ང་ཚོ་དུས་དང་པོར་རྟར་བྱོན་ནས་གང་དེར་བསྐྱོད་པ་ཡིན། ཞེས་སྒྲོག་འགྲེལ་རུ་ཁག་གི་རུ་མི་ཐང་ས་པདྨ་ཚོས་དེ་ལྟར་བཤད། ཁྱི་འབྲི་ཡུལ་ཚོ་ནི་མི་ཉུང་ཞིང་ས་རྒྱ་ཆེ་བ། འབྲོག་ཁྱིམ་མང་པོ་ཁ་ཐོར་དུ་བསྡད་ཡོད་པའི་ཡུལ་ཚོ་ཞིག་ཡིན། རྟར་བྱོན་པ་ནི་འབྲོག་ཁུལ་དུ་སྐྱོད་བདེ་བའི་ཐབས་ཉག་ཅིག་ཡིན། རུ་མི་རྣམས་ཀྱིས་སྲིད་ཇུས་སྒྲོག་འགྲེལ་བྱེད་ཞོར་ཏུ་མང་ཚོགས་བར་གྱི་འགལ་བ་འདུམ་འགྲིག་དང་། ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག ཞབས་ཕྱི་ལེགས་པོ་མཁོ་འདོན་བཅས་རོགས་རམ་གང་ཐུབ་བྱས་ནས་ཞབས་ཕྱི་དངོས་དེ་མང་ཚོགས་ཀྱི་གམ་དུ་བསྐྱལ།

བུད་མེད་ཀྱིས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་ཞིག་ཡིན་པའི་ཆ་ནས། རུ་མི་རྣམས་ཀྱིས་འབྲོག་ཁུལ་གྱི་བུད་མེད་དང་བྱིས་པའི་ཞབས་ཕྱི་ཕྱོགས་ལ་ཐུན་མིན་གྱི་དགེ་མཚན་འདོན་བཞིན་ཡོད། གཉེན་ཉེ་ཁྱིམ་ཚང་བར་གྱི་འགལ་བ་དང་། བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་ལ་སོགས་ཀྱི་གནད་དོན་ལ་ཁ་ཕྱོགས་དུས་བུད་མེད་རུ་ཁག་ནི་མང་ཚོགས་བར་འབྲེལ་འདྲིས་བྱེད་མཁས་ཤིང་། སུན་པ་མེད་པར་ཕ་རོལ་པའི་རེ་བ་ཅི་ཡོད་ལ་ཞིབ་ཏུ་ཉན་སྤྲོ་བས། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ནས་མང་ཚོགས་ཀྱིས་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པར་ཁྲིད་སྟོན་ཡག་པོ་བྱེད་ཐུབ།

ཁོ་མོ་ཚོས་རྟའི་གོམ་འགྲོས་ཀྱིས་རྩྭ་ཐང་གཞལ་ཞིང་། བརྩེ་བ་ལྷད་མེད་ཀྱིས་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོ་ཏང་གི་གསུང་སྐད་བསྒྲགས་པར་མ་ཟད། གངས་ལྗོངས་མཐོ་སྒང་དུ་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་པ་ལ་ཡང་སྔ་ན་མེད་པའི་གསོན་ཤུགས་གསར་པ་ཞིག་རྒྱས་སུ་བཅུག