ཟླ8པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། རྒྱལ་སྲུང་སློབ་ཆེན་རྒྱལ་ཁབ་བདེ་འཇགས་སློབ་གླིང་གི་དགེ་རྒན་ཆེན་མོ་མཱ་ཀང་གདན་དྲངས་ནས། “རྒྱལ་སྤྱིའི་འཐབ་ཇུས་གནས་བབ་དང་ཀྲུང་གོའི་རྒྱལ་ཁབ་བདེ་འཇགས”ཞེས་པའི་ཆེད་དོན་ཟུར་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས།
མཱ་ཀང་གིས“རྒྱལ་སྤྱིའི་འཐབ་ཇུས་གནས་བབ་ཀྱི་ལོ་རྒྱུས་འགྱུར་ལྡོག་དང་དེ་བཞིན་འཕེལ་རྒྱས་ཀྱི་ཆོས་ཉིད། དེང་སྐབས་ཀྱི་རྒྱལ་སྤྱིའི་འཐབ་ཇུས་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་དེ་བཞིན་མ་འོངས་པའི་འཕེལ་ཕྱོགས། ཀྲུང་གོས་འཛམ་གླིང་གི་འགྱུར་ལྡོག་ཆེན་པོར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ”སོགས་ཕྱོགས་ལ་དམིགས་ནས་འགྲེལ་བཤད་ཟབ་མོ་བྱས། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་བལྟས་ན། སྙན་ཞུའི་མཐོང་རྒྱ་ཡངས་ཤིང་དཔེ་མཚོན་གསོན་ཉམས་ཀྱིས་ཕྱུག་པ་དང་། ཐུན་མོང་མ་ཡིན་པའི་ལྟ་བ་ལྡན་པར་མ་ཟད། གཞུང་ལུགས་རང་བཞིན་དང་ལག་ལེན་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན་པས། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་འདོམས་ལེགས་པོ་བྱེད་པ། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ལ་སྔར་ལས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་ལྡན་གྱི་མཛུབ་སྟོན་འདོན་སྤྲོད་བྱས་ཡོད་པར་འདོད།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་ཁྱད་ཆོས་སྔར་ལས་མངོན་གསལ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་བཏོན་ནས། ང་ཚོའི་ཏང་གིས་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ངོས་འཛིན་དེ་མཐོ་ཚད་གསར་པ་དང་བསམ་བློ་གཏོང་ཕྱོགས་གསར་པ་ཞིག་ཏུ་ཇེ་མཐོར་བཏང་བས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པའི་མཐོ་ཚད་དུ་ལངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱེད་པ་དང་། དཀའ་སྡུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ། མ་ལག་གི་བསམ་གཞིགས་རྒྱུན་འཁྱོངས་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་བདེ་འཇགས་ཀྱི་དོན་དག་གལ་ཆེན་ལ་གཅིག་འདོམས་ལེགས་པོ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་བའི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་བདེ་འཇགས་མ་ལག་བསྐྲུན་པའི་ལས་འགན་གལ་ཆེན་ལ་ཤེས་རྟོགས་ཡང་དག་བྱས་ནས། འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཁྲོད་གོ་སྐབས་སྔོན་ལ་དམ་འཛིན་བྱེད་པ་དང་། ཉེན་ཁ་སེལ་བའི་ཁྲོད་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཏེ། རང་འགུལ་དམག་འཐབ་ལེགས་པོར་རྒྱག་པ་དང་སྔོན་ལ་བཀོད་སྒྲིག་ལེགས་པོ་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བཟང་བོ་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། བློ་བརྟན་འགྱུར་མེད་སྒོས་ཞིན་ཅང་གཏན་འཇགས་འཕེལ་རྒྱས་དང་བོད་ལྗོངས་སྲ་བརྟན་བདེ་འགོད་ཀྱི་དམིགས་བསལ་ལས་འགན་ལེགས་པོར་འཁུར་བ། ས་ཁོངས་གཅིག་གི་བདེ་འཇགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་གཏན་འཇགས་ཀྱི་ཁྱོན་ཆེན་པོར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། དངོས་སྒྲུབ་དང་ཁག་ཁུར་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་མཚོ་སྔོན་གྱི་ལྕགས་རི་སྲ་བརྟན་དུ་གཏོང་དགོས།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམག་ཁུལ་དང་དེ་བཞིན་མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།