ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཀྲུང་ནན་སློབ་ཆེན་གྱི་སློབ་གཙོ་ལི་ཅན་ཁྲིན་དང་། གསུམ་གཅིག་སྡེ་ཚོགས་ཀྱི་རེས་སྐོར་རྐང་གཉེར་དབུ་གཙོ་ཐང་ཞོའུ་ཀོ་གཉིས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས3ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་ཀྲུང་ནན་སློབ་ཆེན་གྱི་སློབ་གཙོ་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ལི་ཅན་ཁྲིན་དང་། གསུམ་གཅིག་སྡེ་ཚོགས་ཀྱི་རེས་སྐོར་རྐང་གཉེར་དབུ་གཙོ་ཐང་ཞོའུ་ཀོ་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལི་ཅན་ཁྲིན་དང་ཐང་ཞོའུ་ཀོ་འཁོར་དང་བཅས་པར་དགའ་བསུ་བྱས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། ཀྲུང་ནན་སློབ་ཆེན་དང་གསུམ་གཅིག་སྡེ་ཚོགས་ཀྱིས་ཚན་རྩལ་གསར་གཏོད་དང་། ཐོན་ལས། འཇོན་མིའི་དགེ་མཚན་བཅས་ལེགས་འདོན་བྱས་ནས། མཚོ་སྔོན་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བརྒྱུད་རིམ་ཁྲོད་བྱས་རྗེས་བླ་མེད་བཞག་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་གནད་འགག་གི་དུས་རིམ་ལ་རྐང་ཚུགས་ནས། རེ་བ་ནི་ཕྱོགས་གཉིས་ཀྱིས་གོམ་གང་མདུན་སྤོས་ཀྱིས་མཉམ་སྒྲུབ་མཉམ་སྒུལ་ཟབ་སྤེལ་བྱས་ཏེ། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་དང་མཐོ་སློབ་ཀྱི་ཚན་རིག་ཞིབ་འཇུག  ཁེ་ལས་ཐོན་ལས་ཀྱི་དགེ་མཚན་ནུས་ལྡན་ཟུང་འབྲེལ་བྱེད་པ།  ཚྭ་མཚོའི་ཐོན་ཁུངས་དེ་འཚོལ་སྔོག་འདེམས་བཞུ་བཞི་ཡི་མུ་ཕྲེང་ཡོངས་སུ་སྤུས་ཚད་མཐོར་འདེགས་དང་། མཐོ་སྒང་བཟོ་སྐྲུན་འཕྲུལ་ཆས་གློག་སྒུལ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་རིམ་སྤར་བྱེད་པ། རྒྱལ་ཁབ་གཙོ་གནད་བཟོ་སྐྲུན་ཆ་སྒྲིག་འགན་སྲུང་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།

ལི་ཅན་ཁྲིན་དང་། ཐང་ཞོའུ་ཀོ་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བསྟན་དོན། ཀྲུང་ནན་སློབ་ཆེན་དང་གསུམ་གཅིག་སྡེ་ཚོགས་གཉིས་ཀྱིས་མཐའ་གཅིག་ཏུ་མཚོ་སྔོན་གྱི་འཕེལ་རྒྱས་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད་ལ། སློབ་གྲྭའི་སློབ་གསོ་ཚན་རྩལ་དང་འཇོན་མིའི་ཐོན་ཁུངས་ཀྱི་དགེ་མཚན་ལེགས་འདོན་བྱས་ཏེ། སྡེ་ཚོགས་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་ཐོན་ལས་མུ་ཕྲེང་ཧྲིལ་བོའི་བཀོད་སྒྲིག་སྟོབས་ཤུགས་ལ་བརྟེན་པ་དང་། ཚན་རྩལ་འགག་སྒྲོལ་དང་། ཐོན་ལས་བཀོད་སྒྲིག  གྲུབ་འབྲས་གཞན་སྒྱུར། འཇོན་མི་གསོ་སྐྱོང་སོགས་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་དང་། དག་གཙང་ནུས་ཁུངས་གསར་སྤེལ། ལྗང་མདོག་རྩིས་ཤུགས་སོགས་མཚོ་སྔོན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གྱི་དགོས་མཁོར་གཙོ་གནད་སྦྲེལ་མཐུད་བྱས་ནས། ཧུར་ཐག་གིས་དགེ་མཚན་མཉམ་གསབ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། མཉམ་གཅིག་ཏུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཆེན་པོར་ཞབས་ཞུ་ལེགས་པོ་བསྒྲུབ་དགོས།

ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཀྲི་ཝུན་དང་། ལིའུ་ཁྲའོ་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།