མཚོ་སྔོན་གྱི་ཁེ་ལས་ཚོགས་པ21ཐེན་ཅིན་ཚོང་ཚོགས་ལ་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས30ནས་ཟླ8པའི་ཚེས2ཉིན་བར། ཀྲུང་གོ་ཐེན་ཅིན་དངུལ་གཏོང་ཉོ་ཚོང་ཚོང་ཚོགས་སྐབས་སོ་གཅིག་པ་དེ་རྒྱལ་ཁབ་ཚོགས་འགྲེམ་ལྟེ་གནས་ནས་འཚོགས། མཚོ་སྔོན་ཞིང་ཆེན་གྱི་ལེགས་འདེམས་བྱས་པའི་རང་ས་གནས་ཀྱི་སྤུས་ལེགས་ཁེ་ལས21ཚོགས་སྒྲིག་བྱས་ཏེ་འགྲེམ་སྟོན་དུ་ཞུགས་པ་དང་། མཐོ་སྒང་ཁྱད་ལྡན་གྱི་ལེགས་རྫས་བསྣམས་ནས་གཅིག་བསྡུས་ཀྱིས་ཐེན་ཅིན་དུ་སླེབས། སྐབས་འདིའི་ཐེན་ཅིན་ཚོང་ཚོགས་ཀྱིས་ཕྱོགས་གཉིས་ཀྱི་ཉོ་ཚོང་སྤེལ་རེས་སྟེགས་བུ་བསྐྲུན་པ་ལ་བརྟེན་ནས། མཚོ་སྔོན་ཁྱད་ལྡན་ཐོན་རྫས་ཐད་ཀར་དུ་ཐེན་ཅིན་དམངས་འཚོ་འཛད་སྤྱོད་ཁྲོམ་རའི་ཐོན་སྐྱེད་ཕྱིར་ཚོང་མུ་ཕྲེང་དུ་སླེབས་པས། ས་གནས་གཉིས་ཀྱི་ཐོན་ལས་སྦྲེལ་མཐུད་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས། དམངས་འཚོ་གཉིས་ཕན་གྱིས་ཁ་གཏད་རོགས་སྐྱོར་ལ་རྣམ་པ་གསར་པའི་ལེའུ་ཡི་སྒོ་མོ་ཕྱེས།

ཐེན་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་བཞིན་ཡོད་ལ། དུས་ཡུན་རིང་པོར། ཐེན་ཅིན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་འཛད་སྤྱོད་རོགས་སྐྱོར་བྱ་བ་ཏན་ཏིག་གིས་བསྒྲུབས་ཤིང་། ཡུལ་དངོས་ཀྱི་འགྲེམ་ཚོང་དང་། ཚོང་ཁྲོམ་དུ་ཞུགས་པ། དྲ་ཐོག་གློག་ཚོང་སོགས་སྣ་མང་ཐབས་ལམ་བརྒྱུད་དེ། མཚོ་སྔོན་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་རྒྱུན་མི་ཆད་པར་མཐོ་སྒང་ནས་ཕྱིར་བསྐྱོད་པ་དང་། པེ་ཅིན་ཐེན་ཅིན་གྱི་ཁྲོམ་རར་རྐང་ཚུགས་པར་རོགས་འདེགས་བྱས། སྐབས་འདིའི་ཐེན་ཅིན་ཚོང་ཚོགས་ནི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྟེགས་བུ་ཡིན་པས། ཐོན་ཁུངས་བསྡུ་རུབ་དང་། ཁྱབ་འགྱེད་རྒྱ་ཆེ་བས། མཚོ་སྔོན་གྱིས་ཐོན་ལས་གྲུབ་འབྲས་དང་། བྱང་ཕྱོགས་ཀྱི་འཛད་སྤྱོད་ཁྲོམ་རར་རྒྱ་བསྐྱེད་པར་གོ་སྐབས་གལ་ཆེན་བསྩལ་ཡོད།

འགྲེམ་ཚོགས་ཀྱི་སྐབས་སུ། མཚོ་སྔོན་འགྲེམ་ཁུལ་ལ་དགའ་བསུ་ཆེས་ཆེར་ཐོབ་ཅིང་། ཚོང་རྒྱུའི་གྲོང་མི་དང་། ཉོ་སྡུད་ཚོང་བ། ཚོང་གཏམ་ཚོང་འགྲུལ་མཚམས་ཆད་མེད་པར་བྱུང་ལ། ཐེན་ཅིན་ཟས་རིགས་སྡེ་ཚོགས་དང་། ཝུའུ་མེ་སྡེ་ཚོགས་སོགས་ས་གནས་མིང་གྲགས་ཁེ་ལས་ཀྱི་ཉོ་སྡུད་ཚོགས་པ་མང་པོ་སླེབས་ནས་ཟོང་འདེམས་བྱས། ཐེངས་འདིའི་འགྲེམ་ཞུགས་འགྲེམ་རྫས་རིགས་སྣ་ཕུན་སུམ་ཚོགས་ལ། ཁྱད་ཆོས་མངོན་པར་གསལ་ཞིང་། དེ་རུ་ཞིང་ཕྱུགས་ཟས་རིགས་དང་། ལག་བཟོས་རིག་གཏོད། ཤུལ་བཞག་ཁྱད་རྫས། ལྗང་མདོག་ཉིན་མཁོའི་དངོས་རྫས་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། ལྷད་མེད་སྐམས་ཤའི་ཤ་སྐམས་དང་། མཐོ་སྒང་སྦྲང་རྩི། སྲོལ་རྒྱུན་འོ་བཟོས་ཐོན་རྫས་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྣམས་སྤུས་ལེགས་ལྷད་མེད་ཡིན་ཞིང་། ར་ཁུལ་གྱི་སྐེ་དཀྲིས་སྤུས་ལེགས་ཤིང་འཇམ་པ། རྒྱལ་ཁབ་རིམ་པའི་ཤུལ་བཞག་ཐང་གས་བོད་རིགས་དམངས་སྲོལ་གྱི་གཟི་མདངས་ངོམ་པ་དང་། མཐོ་སྒང་རྩི་ཤིང་གི་འཁྲུད་རྫས་མང་པོ་དམངས་ཀྱི་འདོད་བློར་འཚམ་པས། ཕྱོགས་ཡོངས་ནས་མཚོ་སྔོན་ཁྱད་ལྡན་ཐོན་ལས་ཀྱི་གཟི་དཔལ་ལེགས་པར་མངོན།

ཐེངས་འདིའི་ཚོགས་སྒྲིག་འགྲེམ་ཞུགས་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐེན་ཅིན་དང་མཚོ་སྔོན་གྱི་མཉམ་ལས་དང་། ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད། ས་གནས་ཐོན་ལས་ལེགས་སྒྱུར་ལ་ནུས་པ་བསྩལ་བའི་དངོས་གཉེར་བྱེད་ཐབས་ཤིག་རེད། མཚོ་སྔོན་གྱིས་ཐེངས་འདིའི་འགྲེམ་ཚོགས་གོ་སྐབས་སུ་བཟུང་སྟེ། ཐེན་ཅིན་དང་མཚོ་སྔོན་གྱི་ཐོན་སྐྱེད་ཕྱིར་འཚོང་མཉམ་འགུལ་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་ནས། མཁོ་སྤྲོད་མུ་ཕྲེང་བརྟན་པོར་ཆགས་པ་དང་། ཁྲོམ་ར་ཅན་གྱིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་སྐྱོར་རོགས་འདེགས་བྱས་ནས། ཐེན་ཅིན་མང་ཚོགས་ཀྱི་འཛད་སྤྱོད་མཁོ་སྤྲོད་ཕུན་སུམ་ཚོགས་པར་བཏང་སྟེ། རི་ཆུ་སྟོང་ཕྲག་གིས་བརྒལ་བའི་ཐེན་ཅིན་དང་མཚོ་སྔོན་གྱི་མཛའ་བརྩེའི་དྲོད་ཁོལ་རབ་ཏུ་རྒྱས་སུ་བཅུག་ནས། ངང་ཚུལ་བཟང་ལ་བརྩེ་བ་ལྡན་ཞིང་ཕན་འབྲས་མཐོ་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།