ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་སྒྲིག་འཛུགས་ཐོག་རྩོམ་སྒྲིག་མཛད་པའི《2026ལོའི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གནས་སྟངས་དབྱེ་ཞིབ་དང་སྔོན་དཔག》(《མཚོ་སྔོན་གྱི་རྒྱབ་ཤ་སྔོན་པོའི་དེབ》)ཅེས་པ་སྤྱི་ཚོགས་ཚན་རིག་ཡིག་ཚགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
《མཚོ་སྔོན་གྱི་རྒྱབ་ཤ་སྔོན་པོའི་དེབ》ནི་གླིང་དེས་རིག་གཞུང་གི་སྤུས་རྟགས་གལ་ཆེན་ཞིག་ཡིན་ལ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པའི་རིག་མཛོད་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། གླིང་དེས་གསར་དར་གྱི་རིག་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་ཕན་འབྲས་ཤིག་ཀྱང་རེད། དེབ་ཧྲིལ་བོས་ཞིང་ཆེན་གྱི་གནས་ཚུལ་ལ་གཞི་ཚུགས་ཏེ། སྤྱིའི་སྙན་ཞུ་དང་། དཔལ་འབྱོར། སྤྱི་ཚོགས། སྐྱེ་ཁམས། རིག་གནས་བཅས་ལེའུ་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང2025ལོའི་མཚོ་སྔོན་གྱི་ཁྱབ་ཁོངས་གཙོ་བོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས་སྒྲིག་ཆ་ཚང་བྱས་ཏེ། 2026ལོའི་གནས་སྟངས་ལ་ཚན་རིག་དང་མཐུན་པས་ཞིབ་འཇུག་དཔྱད་བརྡར་བྱས་ཡོད། དེབ་དེས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གནད་དུ་བཟུང་ཞིང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ལེགས་པོར་བརྩམས་པར་ཞབས་འདེགས་ཞུས་ཏེ། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པས་ཇུས་ཆོད་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད་ལ། ད་ལྟ་རྒྱལ་ཡོངས་ལ་ཕྱོགས་ནས་འགྲེམས་སྤེལ་བྱས་ཡོད་དོ། །