ཟླ8པའི་ཚེས2ཉིན། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་བསྒྲགས་པ་ལྟར་ན། མཚོ་སྔོན་ཐུན་རིན་ཞིང་སྡེའི་ཚོང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་མདོ་བ་ཡན་ལག་དངུལ་ཁང་དང་། མཚོ་སྔོན་རྩེ་ཁོག་ཞིང་སྡེའི་ཚོང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ཧོར་ཡན་ལག་དངུལ་ཁང་བཅས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་ཆེད་གཉེར་དྲ་ཚིགས་དངོས་སུ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆེད་གཏོགས་དངུལ་རྩའི་ཞབས་ཞུའི་དྲ་ཚིགས་ཀྱི་སྟོང་ཆ་བསྐང་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། མཐོ་གྲང་བརླན་ས་ཡུག་གཅིག་ཏུ་ཁྱབ་པ་དང་མཐོ་སྒང་གི་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་འགག་རྩའི་ས་ཁུལ་ཞིག་རེད། ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་རོགས་འདེགས་བྱ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཡན་ལག་དངུལ་ཁང་གི་མཉམ་འགུལ་རྐྱེན་སྲོལ་བཙུགས་ནས། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་དཀར་ཆག》ལ་བསྡུར་ཏེ། ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིས་རྩྭ་ཐང་ཉམས་གསོ་དང་བོད་སྨན་གྱི་རྒྱུ་ཆ་དང་རེབ་གོང་ཆང་བ་ལི་འདེབས་འཛུགས་ལས་སྣོན། སྐྱེ་ལྡན་ཕྱུགས་ལས། རང་བྱུང་སྲུང་སྐྱོབ་བྱ་ཡུལ་འཁོར་གཉེར་དང་སྲུང་སྐྱོང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཁྱབ་ཁོངས་ཀྱི་དངུལ་རྩའི་རྒྱབ་སྐྱོར་རྣམ་གྲངས་བརྒྱུད་རིམ་ལྡན་པའི་གསེད་བཀྲོལ་བྱས་ནས། ཕྱོགས་བསྡུས་རྟོག་ཞིབ་བྱས་པ་བརྒྱུད། ཆ་རྐྱེན་ཡོད་པ་དང་འདོད་བློ་ཡོད་པའི་ཐུན་རིན་ཞིང་སྡེའི་ཚོང་ལས་དངུལ་ཁང་མདོ་བ་ཡན་ལག་དངུལ་ཁང་དང་། རྩེ་ཁོག་ཞིང་སྡེའི་ཚོང་ལས་དངུལ་ཁང་དང་ཧོར་ཡན་ལག་དངུལ་ཁང་གིས་སྔོན་ལ་ཚོད་ལྟ་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་ཆེད་གཉེར་དྲ་ཚིགས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཆེད་གཉེར་དྲ་ཚིགས་ཀྱི་དཔེ་སྟོན་སྣེ་ཁྲིད་དང་དེའི་འཕྲོ་མའི་སྒྲིག་གཞི་ཕྱོགས་ཡོངས་ནས་ཞུགས་པའི་ས་ཁོངས་ཡོངས་ཀྱི་མཉམ་འགུལ་བྱ་བའི་རྣམ་པ་ཞིག་བཏོད་དེ། ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩ་འཕེལ་རྒྱས་ལ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་ཉམས་མྱོང་འདོན་སྤྲོད་བྱས།
ཐེངས་འདིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་ཆེད་གཉེར་དྲ་ཚིགས་བཙུགས་པའི་ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞི་གཉིས་ཀྱིས་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཙོ་གནད་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་ཁྱབ་ཚུལ། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ལ་དམ་པོར་དམིགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་ཆེད་གཏོགས་ཞབས་ཞུའི་མ་ལག་བསྐྲུན་ནས། མངའ་ཁུལ་ནང་གི《སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་དཀར་ཆག》དང་མཐུན་པའི་སྐྱེ་ལྡན་དཔང་དངོས་ར་སྤྲོད་དང་ལྗང་མདོག་དཔང་དངོས་ར་སྤྲོད་བྱེད་མཁན་གཙོ་བོ་དང་། སྐྱེ་ཁམས་ཞིང་ར། རྒྱུན་མཐུད་རྩྭ་སའི་ཕྱུགས་ར། ཀྲུང་བོད་སྨན་རྒྱུའི་སྐྱེ་ཁམས་འདེབས་འཛུགས་རྟེན་གཞི་སོགས་གཉེར་སྐྱོང་བྱེད་མཁན་གཙོ་བོར་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་པ་དང་། “སྐྱེ་དངོས་སྣ་མང་རང་བཞིན་དང་རྩྭ་ཐང་སྲུང་སྐྱོབ་སླར་གསོའི”ཆེད་དོན་ཡིད་རྟོན་དངུལ་བུན་ཐོན་རྫས་གསར་གཏོད་བྱས་ནས་བཏོན་ལ། རང་བྱུང་རྩྭ་སར་གསབ་འདེབས་དང་། ཞན་འགྱུར་རྩྭ་ས་བཅོས་སྐྱོང་། འབབ་རྒྱུད་ཀྱི་ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས། “གྲོང་གསེབ་དར་སྤེལ་དང་ཕྱུགས་ལས་ཐད་ཀྱི་དངུལ་བུན་གསུམ”དང“གྲོང་གསེབ་དར་སྤེལ་ཐང་གའི་དངུལ་བུན”སོགས་རང་ཡུལ་གྱི་ཐོན་རྫས་རིམ་འཇུག་རིམ་སྤོར་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་དོད་པའི་གཉེར་སྐྱོང་བྱེད་པོར་དུས་ཡུན་རིང་འབྲིང་དང་སྐྱེད་ཀ་དམའ་བའི་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་གཟིགས་སྐྱོང་བྱས། དེ་དང་ཆབས་ཅིག ཞིང་ཕྱུགས་སྒྲིག་བཀོད་གཏའ་མར་འཇོག་པ་དང་ཁེ་བཟང་ཐོབ་དབང་གཏའ་མར་འཇོག་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། ལས་གཞིའི་ཚད་ཤིང་གཏོད་པ་དང་། དྲ་ཐོག་དང་ཡུལ་དངོས་ཀྱི་ཞབས་ཞུའི་རྣམ་པ་ཇེ་ལེགས་སུ་བཏང་སྟེ། བོད་རྒྱ་སྐད་གཉིས་ཀྱི་སྲིད་ཇུས་སྒྲོག་འགྲེལ་དང་ཆེད་དོན་ཡིད་རྟོན་དངུལ་བུན་ཐོན་རྫས་འོས་སྦྱོར་བྱས། ཟླ6པའི་ཟླ་མཇུག་བར། སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩའི་ཆེད་གཉེར་དྲ་ཚིགས་གཉིས་ཀྱིས་རིམ་རྩིས་བྱས་ན་རོང་འབྲོག་མང་ཚོགས་ཁྱིམ་ཚང5017ལ་སྐྱེ་དངོས་སྣ་མང་རང་བཞིན་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དངུལ་བུན་སྒོར་དུང་ཕྱུར་དྲུག་དང་ས་ཡ་བདུན་བཏང་།