ལུའོ་ཏུང་ཁྲོན་གྱིས"མི་བྱེད་པ་བཞི་དང་ཐད་ཀར་གཉིས"ཀྱི་རྣམ་པས་ཞོད་འགོག་གནོད་སེལ་བྱ་བར་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ8པའི་ཚེས1ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པས་ཟི་ལིང་གྲོང་ཁྱེར་དུ་ཞོད་འགོག་གནོད་སེལ་བྱ་བར་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་རྒུད་སྐྱོབ་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར་མཐའ་ཚད་འཛིན་བསམ་དང་ཚད་མཐའི་བསམ་གཞིགས་ལ་ཤུགས་སྣོན་བྱེད་པ། ཞོད་འགོག་བྱེད་ཐབས་ཁག་སོ་སོ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། “དུས་རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ཀྱིས་ཞོད་འགོག་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་པ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ནུས་ཡོད་རྒུས་འགན་སྲུང་བྱེད་དགོས།

རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ལུའོ་ཏུང་ཁྲོན་གྱིས་སྔོན་ལ་བརྡ་མ་བཏང་བར་ཐད་ཀར་ཡུལ་དངོས་སུ་བསྐྱོད་པའི་རྣམ་པ་སྤྱད་དེ། ཏུང་ཞ་གྲོང་རྡལ་སྲིད་གཞུང་དུ་ཡོང་སྟེ་འབབ་ཞོད་ཆེ་བའི་དུས་སྐབས་ཀྱི་ལས་རེས་སྡོད་སྲུང་དང་འཕྲལ་བསྟུན་གྲ་སྒྲིག་སོགས་ཀྱི་བྱ་བར་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་ནས་འབོད་བརྡ་གཏོང་བའི་ཉེན་ཟོན་སྒྲིག་ཆས་དང་བཀོད་འདོམས་མ་ལག་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། བརྙན་ལམ་བརྒྱུད་དེ་གཙོ་གནད་སྡེ་བ་དང་འབྲེལ་གཏུག་བྱས། ཁོས་བཤད་རྒྱུར་ད་ལྟའི་ཆ་ནི་གནས་ཚུལ་ཛ་དྲག་ཡིན་པའི་ཞོད་འགོག་གི་གནད་འགག་གི་དུས་མཚམས་ཡིན་པས། བསམ་བློའི་ངོས་འཛིན་ཏན་ཏིག་གིས་མཐོ་རུ་གཏོང་བ་དང་། ཞོད་འགོག་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ཁུར་དགོས། ཞིང་ཆེན་དང་། གྲོང་ཁྱེར། རྫོང། ཞང་། སྡེ་བ་བཅས་ཀྱི་འཕྲལ་བསྟུན་བཀོད་འདོམས་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། དུས་རྟག་ཏུ་འགྲན་སློང་གི་སེམས་ཁམས་དང་གྲ་སྒྲིག ཁ་གཏད་འཇལ་བ་བཅས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། མགྱོགས་མྱུར་དབྱེ་ཞིབ་བརྡར་གཅོད་དང་མགྱོགས་མྱུར་ངང་དང་ལེན་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ངེས་པར་དུ་ཞོད་འགོག་གནོད་སེལ་གྱི་གཡུལ་ས་འདི་ལས་རྣམ་པར་རྒྱལ་དགོས།

རྟ་ཐང་རྫོང་གི་ཡའོ་ཙི་ཀི་མཛེས་ལྗོངས་ཁུལ་དང་ཏུང་ཞ་གཙང་འགྲམ་ནི་གྲོང་ཁྱེར་ཡོངས་ཀྱི་མི་ཚོགས་འདུ་འཛོམས་ཆེ་ཤོས་ཡིན་ལ། རི་འཛེགས་དང་། སྒར་འདེབས་པ། ཚ་གཡོལ་བྱེད་པ་བཅས་ཀྱི་ས་གནས་གལ་ཆེན་ཞིག་ཡིན། ལུའོ་ཏུང་ཁྲོན་གྱིས་མཛེས་ལྗོངས་ཁུལ་དང་རི་འཛེགས་སྒར་སར་ཆར་ཞོད་ཀྱི་རྐྱེན་གྱིས་གནས་སྐབས་སུ་སྒོ་རྒྱག་པ་དང་དོ་དམ་ཚོད་འཛིན་བྱས་པའི་གནས་ཚུལ་སོགས་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། གནམ་གཤིས་འགྱུར་ལྡོག་གི་འགུལ་རྣམ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དུས་ཐོག་ཏུ་ཆར་ཆུའི་གནས་ཚུལ་ཁྱབ་བསྒྲགས་བྱེད་པ། གཙོ་གནད་ས་ཁུལ་ཁག་གི་སྐོར་ཞིབ་ཐེངས་གྲངས་མང་དུ་གཏོང་བ། ཆུ་ལོག་དང་རི་ཉིལ། འདམ་རུད་སོགས་ཀྱི་གནོད་འཚེ་ལ་ནུས་ཤུགས་ཡོད་རྒུས་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། གཙོ་གནད་གཙང་བོའི་འགྲམ་རྒྱུད་དུ་ཉེན་བརྡའི་མཚོན་རྟགས་གསར་དུ་བཙུགས་ནས། མངོན་མེད་རྐྱེན་ངན་སྔ་ཙམ་ནས་ལེབ་བཤེར་དང་ཉེན་ཁའི་གནས་ཚུལ་སྔ་ཙམ་ནས་ཐག་གཅོད་བྱེད་དགོས། ཞོད་འགོག་གནོད་སེལ་དང་གྲོང་གསེབ་དར་སྤེལ་གཅིག་འདོམས་ལེགས་པོ་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་ཁྱད་ལྡན་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་ལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་ཡིད་དུ་འོང་བའི་སྐྱེ་ཁམས་ཁོར་ཡུག་དེ་དམངས་འཚོའི་བདེ་སྐྱིད་དུ་བསྒྱུར་གང་ཐུབ་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གཞོགས་འདེགས་བྱེད་དགོས།

ལུའོ་ཏུང་ཁྲོན་གྱིས་ཉེན་གཡོལ་གནས་སྤོ་བྱས་པའི་བདེ་འགོད་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་འདུག ལུའོ་ཏུང་ཁྲོན་ཏུང་ཞ་གྲོང་རྡལ་སེམས་ཉིད་སྡེ་བའི་གཅིག་བསྡུས་བདེ་འགོད་གནས་སུ་སོང་སྟེ། གཞི་རྩའི་འཚོ་བའི་འགན་སྲུང་དང་དངོས་ཟོག་གསོག་འཇོག བཟའ་བཏུང་འཕྲོད་བསྟེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། ཚང་མས་ཡིད་ཆེས་བརྟན་པོ་བྱེད་པ་དང་དཀའ་ངལ་ཁྱད་བསད་བྱེད་པ། སེམས་ཤུགས་གཅིག་སྒྲིལ་སྒོས་ཞོད་འགོག་གནོད་སེལ་བྱ་བ་ལགས་པོར་སྒྲུབ་དགོས་པའི་སྐུལ་མ་བྱས་པ་མ་ཟད། འབྲེལ་ཡོད་འགན་ཁུར་བར་སེམས་ཤུགས་ཡོད་པ་དང་བརྩེ་བ་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་བྱ་བ་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་དགོས་ལ། བདེ་འགོད་གནས་ཀྱི་ཡུལ་དངོས་དོ་དམ་ལ་མུ་མཐུད་དུ་ལེགས་བསྒྱུར་བྱེད་པ་དང་། འཚོ་བའི་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ། གནས་སྤོ་བདེ་འགོད་བྱས་པའི་མང་ཚོགས་ལ་སྡོད་གནས་དང་འཚོ་བའི་ཆ་རྐྱེན་བཟང་པོ་འདོན་སྤྲོད་བྱེད་དགོས་པའི་མངག་བཅོལ་ནན་མོ་བྱས།

ཞིབ་བཤེར་བྱེད་པའི་སྐབས་སུ། ལུའོ་ཏུང་ཁྲོན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་རི་ཉིལ་ཡུལ་དངོས་སུ་ཕྱིན་ནས་རྗེས་མཐུད་ཐག་གཅོད་སོགས་ཀྱི་བྱ་བར་མཛུབ་སྟོན་བྱས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། ས་གཤིས་གནོད་འཚེའི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། ཉེན་ཁ་ཆེ་བའི་ས་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་བྱེད་པ། ཆེད་ལས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཁ་སྣོན་བྱས་ཏེ། རིའི་འགུལ་རྣམ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སེལ་ཐབས་བྱེད་པ་དང་། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་མོ་བྱས་ཏེ། མི་སྣའི་བདེ་འཇགས་དང་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ལིའུ་ཐའོ་དང་ལི་ཧུང་ཡ་གཉིས་ཞིབ་བཤེར་ཁྲོད་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།