2026ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་དམག་སྐྱོད་མཛད་སྒོ་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ7པའི་ཚེས31ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བཅས་དང་མཉམ་འབྲེལ་སྒོས། མཚོ་སྔོན་ཞིང་ཆེན་གྱི2026ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་ལས་གཞི་དང་ས་གནས་ལས་གཞིའི་དང་བླངས་པའི་དམག་སྐྱོད་མཛད་སྒོ་བསྡུས།

ཅང་སུའུ་དང་སི་ཁྲོན། ཧྲའན་ཞི། ཨན་ཧུའེ་སོགས་ཞིང་ཆེན9ནས་ཡོང་བའི་ཞིང་ཆེན་ནང་ཁུལ་ནས་གསར་དུ་བསྡུས་པའི་སློབ་ཆེན་སློབ་མའི་དང་བླངས་པའི་འཐུས་ཚབ་དང་། དེ་བཞིན་མཐོ་རིམ་སློབ་ཆེན19ཡི་ཞིབ་འཇུག་སློབ་མའི་སློབ་གསོའི་རྒྱབ་སྐྱོར་ཚོགས་པའི་ཁོངས་མི་མཛད་སྒོར་ཞུགས། མཛད་སྒོའི་སྐབས་སུ། གསར་དུ་བསྡུས་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་འཐུས་ཚབ་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པ་དང་། ཚོགས་ཞུགས་འགོ་ཁྲིད་ཀྱིས་དང་བླངས་པའི་འཐུས་ཚབ་ལ་དར་ཆ་སྤྲད་པ། དང་བླངས་པ་ཡོངས་ཀྱིས་ཐུན་མོང་ཐོག་དམ་བཅའ་བཞག་ནས། དུས་རབས་གསར་པའི་གཞོན་ནུ་ཚོས་གཞི་རིམ་དུ་རྐང་ཚུགས་ཐུབ་པ་དང་དངོས་སྒྲུབ་ཏན་ཏན་བྱེད་པ། ལས་གནས་ནས་རྐང་ཚུགས་ཐུབ་པའི་འགན་འཁྲི་ལག་བསྟར་བྱེད་པ། ལྷག་བསམ་རྣམ་དག་དང་དངོས་སྒྲུབ་ཀྱི་ཐོག་ནས་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་འགན་འཁྲི་ཁུར་བའི་ཐོག་མའི་བསམ་འདུན་གསལ་བཤད་བྱས་པ་བཅས་མཚོན་པར་བྱས་ཡོད། དམག་སྐྱོད་མཛད་སྒོ་གྲོལ་རྗེས། 2026ལོར་གསར་དུ་བསྡུས་པའི་དང་བླངས་པ929རྫོང་དང་གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ལས་གཞི་དོ་དམ་གཞུང་སྒྲུབ་ཁང་གི་རྩ་འཛུགས་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས44ལ་བསྐྱོད་དེ། དུས་ཡུན་ལོ་ངོ་གཅིག་ནས་ལོ་གསུམ་བར་གྱི་དང་བླངས་པའི་ཞབས་ཞུ་བསྒྲུབ་རྒྱུ་རེད།

སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་དེ། 2003ལོར་མཚོ་སྔོན་ཞིང་ཆེན་དུ་ལག་བསྟར་བྱས་པ་ནས་བཟུང་། རིམ་རྩིས་བྱས་ན་སློབ་ཆེན་སློབ་མའི་དང་བླངས་པ་ཁྲི2ལྷག་གིས་འབོད་སྐུལ་དང་ལེན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།