མཚོ་སྔོན་གྱི་སྡེ་ཁག་བདུན་གྱིས་ཞིང་ཕྱུགས་སྨན་རྫས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7པའི་ཚེས29ཉིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་མཁོ་འཚོང་མཉམ་ལས་མཉམ་འབྲེལ་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་བཅས་སྡེ་ཁག7གྱིས་མཉམ་འབྲེལ་རྣམ་པས་ཟི་ལིང་དུ་བརྙན་རིས་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་ཀྱི་ཞིང་ཕྱུགས་སྨན་རྫས་ཐོན་སྐྱེད་ལས་གཉེར་བེད་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་བའི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཁག་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

གསར་འགོད་པས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་དེ་ཞིང་ཕྱུགས་སྨན་རྫས་ཐོན་སྐྱེད་དང་ལས་གཉེར། བེད་སྤྱོད་བཅས་ཀྱི་མུ་ཕྲེང་ཧྲིལ་པོར་ཁྱབ་ཡོད་ཅིང་། གནད་དོན་གྱི་ཁུངས་སྣེར་ཕྱོགས་ཡོངས་ནས་ལེབ་བཤེར་བྱེད་པ་དང་མངོན་བཤེར་ལྐོག་འདྲི། མང་ཚོགས་ཀྱི་ཞུ་གཏུག དྲ་རྒྱའི་གླེང་ཕྱོགས་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་དེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རིམ་པ་དགར་ནས་བཅོས་སྒྲིག་རྩིས་ཐོ་བཟོས་ཏེ། བཀག་སྡོམ་དོ་དམ་དང་ཐོ་གསུབ་ཐག་གཅོད་བྱེད་པ།  ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེས་ཆད་ལག་བསྟར་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མགྱོགས་མྱུར་ངང་ཞིབ་བཤེར་ཐག་གཅོད་བྱེད་པ། དཔེ་མཚོན་གྱོད་དོན་ཁག་ཅིག་གཅིག་སྡུད་ཀྱིས་བཤེར་སྒྲུབ་བྱས་ནས་ཟིལ་ཤུགས་ཆེན་པོ་གྲུབ་པར་བྱེད་པ། དྲ་ཐོག་བྲིན་ཚོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་གཙོ་འགན་ཇེ་བརྟན་དུ་གཏོང་བ། དྲ་ཐོག་གི་ཁྲིམས་འགལ་སྒྲིག་འགལ་བྲིན་ཚོང་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད།

དུས་མཚུངས་སུ། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ནས། དྲང་ཕྱོགས་ཀྱི་ཚན་རིག་ཁྱབ་གདལ་དང་ལྡོག་ཕྱོགས་ཀྱི་གསལ་འདོན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཐུན་མོང་བཅོས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་མུ་ཕྲེང་ཡོངས་ཀྱི་ཁུངས་འདེད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་ཕྱུགས་སྨན་རྫས་ཀྱི་བཀག་སྡོམ་དོ་དམ་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་ཞིབ་བཤེར་ཚད་ལེན་ནུས་པ་ཆེ་རུ་གཏོང་བ། རྫོང་རིམ་པའི་ཞིབ་བཤེར་ཚད་ལེན་སྒྲིག་གཞིའི“དཔང་དངོས་བདེན་པ་ཡིན་པའི་ཁས་ལེན་གཉིས”ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། གཞི་རིམ་གྱི་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་ཚད་ལེན་གྱི་དཔུང་སྡེ་སྟོབས་ལྡན་དུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།