ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་ཞིང་སྡེ་བྱ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་དམངས་སྲིད་ཐིང་བཅས་དང་མཉམ་དུ། 《ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི》དཔར་འགྲེམ་བྱས་པ་དང་། དེའི་དམིགས་ཡུལ་ནི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས་ཚད་ལྡན་ཅན་དུ་གཏོང་བའི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། “རྟ་ཆུང་ཆུང་གིས་འཁོར་ཆེན་འདྲུད”པའི་གནད་དོན་ཐག་གཅོད་བྱས་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་ཆེད་ཡིན།
ལས་ཀའི་བླང་བྱ་གཞིར་བཟུང་ནས། མཚོ་སྔོན་གྱིས་ལོ་དང་པོའི2026ལོར་རྨང་གཞི་ཚད་ལྡན་ཅན་དུ་གཏོང་བ་དང་། ལོ་གཉིས་པའི2027ལོར་ཕན་ནུས་མཐོ་རུ་གཏོང་བ། ལོ་གསུམ་པའི2028ལོར་དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་སྤྱིའི་ལས་འགན་དམིགས་འབེན་གཞིར་བཟུང་སྟེ། “སྡེ་བ་དང་སྡེ་ཁུལ་གྱི་ལས་དོན་མི་སྣ་གསོ་སྦྱོང་བྱེད་པ”དང་། “སྡེ་བ་དང་སྡེ་མིའི་ལས་དོན་ཡོངས་བསྒྲགས་རྣམ་པས་བཅོས་སྐྱོང་བྱེད་པ།” “སྡེ་བ་དང་སྡེ་ཁུལ་རིམ་པའི་རྩ་འཛུགས་སྒོ་བྱང་བཀལ་ནས་སྔར་ལས་ཚད་ལྡན་སྲ་བརྟན་དུ་གཏོང་བ།” “སྡེ་བ་དང་སྡེ་ཁུལ་ལས་རིམ་འཇུག་འཐུས་དོན་འཁྱོལ་བྱེད་པ།” “གོམས་སྲོལ་སྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བ།” དེ་བཞིན“འཆམ་མཐུན་སྡེ་བ་དང་སྡེ་ཁུལ་གྱི་ལག་ལེན”བཅས་ཆེད་དོན་འགུལ་སྐྱོད་ཁག6སྤེལ་རྒྱུ་རེད།
སྡེ་བ་དང་སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བ་བརྒྱུད། སྡེ་བ་དང་སྡེ་ཁུལ་གྱི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེས་རྗེས་ཀྱི་གསོ་སྦྱོང་ལས་དོན་ཡག་པོ་བསྒྲུབས་ནས། སྡེ་བ་དང་སྡེ་ཁུལ་གྱི་ལས་སྒྲུབ་པའི་ཆབ་སྲིད་བྱང་ཚད་དང་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དང་གནད་དོན་དངོས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡེ་ཁུལ་གྱི་ལས་དོན་ཡོངས་བསྒྲགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ། སྡེ་བའི་ལས་དོན་ཡོངས་བསྒྲགས་རྣམ་པ་ཅན་དང་ཡོངས་བསྒྲགས་དུས་ཐོག་ཏུ་མ་བྱུང་བ། དུས་ཚོད་རྗེས་ལུས་ཐེབས་པ། སྤུས་ཚད་མི་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས། སྡེ་བ་དང་སྡེ་ཁུལ་གྱི་ལས་དོན་ཡོངས་བསྒྲགས་ཀྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་ཟབ་ཞུགས་བྱེད་དབང་། ལྟ་སྐུལ་དབང་ཆ་བཅས་ལ་སྔར་བས་འགན་སྲུང་བྱེད་དགོས། ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྡེ་བ་དང་སྡེ་ཁུལ་གྱི་སྲིད་ཇུས་ལ་རྒྱུས་མངའ་མེད་པ་དང་སྒོ་བྱང་བཀལ་བ་ཚད་ལྡན་མིན་པ། དེ་བཞིན་འགན་ནུས་སྡེ་ཁག་སྐོར་ཅིག་གིས་སྒོ་བྱང་བཀལ་ནས་ཡང་བསྐྱར་གནད་དོན་བྱུང་བ་སོགས་ཀྱི་གནས་སྟངས་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་པ་རེད། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། སྡེ་བ་དང་སྡེ་ཁུལ་འགན་དབང་གི་མཐའ་མཚམས་གསལ་བོར་བཟོས་ཏེ། དུས་ཡུན་རིང་པོར་གནས་པའི་གཞི་རིམ་ལ་ཁུར་པོ་གཞན་དཀྲི་བྱེད་པ་དང་འགན་དབང་དོ་མཉམ་མིན་པ། དོན་ཚན་གང་འདོད་དུ་སྣོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་།
དེའི་རྨང་གཞིའི་སྟེང་དུ། གཞི་རིམ་རང་སྐྱོང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། དཔལ་ཡོན་དར་སྲོལ་གསར་པ་སྐྱེད་སྲིང་བྱས་ནས། ཁྱིམ་མཚེས་འཆམ་མཐུན་དང་ཁྱིམ་ཚང་འཆམ་མཐུན་ཡོང་བར་སྐུལ་སྤེལ་བཏང་། དུས་མཚུངས་སུ། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། གཞི་རིམ་བཅོས་སྐྱོང་གི་གཙོ་གནད་གཤམ་སྤོ་དང་སྟོབས་ཤུགས་གཤམ་སྐྱོད་ལ་སྐུལ་འདེད་བཏང་ནས། “སྔོན་འགོག་སྔོན་ལ་བྱེད་པ་དང་སྔོན་ལ་ཤེས་རྟོགས་ཐུབ་པ། འགལ་བ་ཆུང་བའི་དུས”སུ་སེལ་བ་བཅས་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་གཞི་གྲངས་གསལ་རྟོགས་དང་འགལ་བ་གཞི་རིམ་དུ་སེལ་ནས། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་བཏང་།