མཚོ་ཤར་གྲོང་ཁྱེར་གྱིས་ཞོད་འགོག་ཉེན་གཡོལ་གྱི་རང་འགུལ་དབང་ཆ་སྟངས་འཛིན་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7པའི་ཚེས9ཉིན་ནས་བཟུང་། མཚོ་ཤར་གྲོང་ཁྱེར་དུ་ཁྱབ་རྒྱ་ཆེ་བའི་དྲག་ཆར་བབས་པར་བརྟེན་ནས་ས་གཤིས་གནོད་འཚེ་ཡི་ཉེན་ཁ་བྱུང་བར་དམིགས་ཏེ། མཚོ་ཤར་གྲོང་ཁྱེར་གྱིས་མྱུར་དུ་ས་གཤིས་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་བསྟུན་དང་ལེན་འགོ་བརྩམས་ལ། སྔོན་བརྡ་གཏོང་བ་དང་ས་ཁོངས་ཡོངས་ལ་ལེབ་བཤེར་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་གནས་སྤོ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཉེན་ཁར་ཐུག་པའི་མང་ཚོགས་རིམ་རྩིས་བྱས་ན་ཁྱིམ་གྲངས7121དང་། མི་ཐེངས20878བདེ་འཇགས་ངང་གནས་སྤོ་བྱེད་ཐུབ་པ་བྱུང་བས། འབབ་ཞོད་ཆེ་བའི་དུས་སྐབས་སུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་ཚད་མཐའ་བསྲུངས།

 

ཆར་ཞོད་ཀྱི་ཛ་དྲག་གི་གནས་ཚུལ་ལ་གདོང་ལེན་བྱེད་སྐབས། མཚོ་ཤར་གྲོང་ཁྱེར་གྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྡེ་ཁག་བར་གྱི་བཀག་རྒྱ་གཏོར་ནས་ཆར་ཆུའི་གནས་སྟངས་དང་ས་གནས་ཀྱི་གནོད་འཚེའི་འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་བྱས། དེའི་རིང་ལ། གྲོང་ཁྱེར་ཡོངས་ནས་ཁྱོན་བསྡོམས་ས་གཤིས་གནོད་འཚེ་ཡི་ཉེན་ཁ་སྔོན་དཔག་སྔོན་བརྡ་ཐེངས20བཏང་བ་དང་། ལྟ་ཞིབ་སྒྲིག་ཆས་ལས་བྱུང་བའི་ཉེན་བརྡ་ཆ་འཕྲིན440ལ་མྱུར་དུ་བདེན་དཔྱད་ཐག་གཅོད་བཅས་བྱས་ཏེ། གནོད་འགོག་ཉེན་གཡོལ་གྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་། མངོན་མེད་རྐྱེན་ངན་རྩ་བའི་འབྱུང་ཁུངས་ནས་སེལ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་ཐོ་འགོད་ཟིན་པའི་མངོན་མེད་ཉེན་ཁ་ཡོད་པའི་ས་ཁུལ་དང་། ཞིང་སྡེ་རུ་རི་ངོས་སུ་ཁང་པ་བཟོས་ཡོད་པ། རི་ཁུལ་གཞུང་ལམ་གྱི་འགྲམ་རྒྱུད་སོགས་ཉེན་ཁ་ཆེ་བའི་ས་ཁོངས་དག་ལ་དོ་སྣང་ཆེན་པོ་བྱས། ཐེངས་འདིའི་ཆར་ཆེན་གྱི་སྐབས་སུ། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་མི་སྟོང་ལྷག་ཞིབ་བཤེར་ཁྲོད་ཞུགས་པ་དང་། ལས་སྒྲུབ་རླངས་འཁོར་500ལྷག་སྤྱད་དེ་ས་གཤིས་གནོད་འཚེ་འབྱུང་སྲིད་པའི་ས་ཆ1617དང་། ཉེན་ཁ་ཅན་གྱི་ས་ཁུལ352ལ་ཕྱོགས་ཡོངས་ནས་ལེབ་བཤེར་ལེགས་གྲུབ་བྱུང་བ་མ་ཟད། མངོན་མེད་རྐྱེན་ངན་གྱི་ལེབ་བཤེར་དང་། ཉེན་ཁའི་དོ་དམ་ཚོད་འཛིན་ལ་ཆད་ལུས་མེད་པ་མངོན་འགྱུར་བྱུང་། མང་ཚོགས་ཀྱི་གནས་སྤོ་ཉེན་གཡོལ་ཕྱོགས་ནས། མཚོ་ཤར་གྲོང་ཁྱེར་གྱིས་ཆེད་དོན་ལས་སྒྲུབ་ཚན་ཆུང་བཙུགས་ནས་རྫོང་དང་ཆུས་སོ་སོར་མངགས་ཏེ་མཛུབ་སྟོན་བྱས། དྲ་མིག་ལྟར་ལེབ་བཤེར་ཞིབ་ཕྲ་དང་རེའུ་མིག་ལྟར་ཚོད་འཛིན་ནན་མོ་བྱས་པས། ཉེན་ཁར་འཕྲད་པའི་མང་ཚོགས་རྣམས་གནད་ལ་འཁེལ་བའི་ངོས་འཛིན་ཐུབ་པ་དང་། བློ་ཐག་རྦད་བཅད་ཀྱིས་ཕྱིར་འཐེན་རྩ་འཛུགས་བྱས་པ་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་བདེ་འགོད་གནས་བསྐྲུན་པ་དང་འཚོ་བའི་མཁོ་དངོས་ཆ་ཚང་གྲ་སྒྲིག་བྱས་ཏེ། གནས་སྤོ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་གང་ལེགས་བྱས།

དེ་ལས་གཞན། མཚོ་ཤར་གྲོང་ཁྱེར་གྱི་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་དུས་ཚོད24རིང་ཆེད་དོན་མི་སྣས་ལས་རེས་བྱེད་པ་དང་། འགོ་ཁྲིད་ཀྱིས་ལས་རེས་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། མི་སྣ་ཡོངས་ཀྱིས་ལས་གནས་བརྟན་སྲུང་བྱས། རྐང་འཛིན་སྟོབས་ཤུགས་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་མངགས་ནས་མཉམ་འབྲེལ་གྱིས་ལས་རེས་བྱེད་པ་ལ་བརྟེན་ནས། ཆུ་ལོག་གི་གནས་ཚུལ་ལ་གྲོས་བསྡུར་བྱེད་པ་དང་འགུལ་རྣམ་བཀོད་གཏོང་རྒྱུན་རྣམ་ཅན་དུ་བྱས་པ་བརྒྱུད། ཉེན་བརྡ་གཏོང་བའི་བཀའ་རྒྱ་དང་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་ཐུབ་པར་ཁག་ཐེག་བྱས་ནས། ཕྱོགས་ཡོངས་ནས་ས་གཤིས་གནོད་འཚེ་ཡི་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོ་རུ་བཏང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།