ཟླ7པའི་ཚེས31ཉིན། མཚོ་སྔོན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པའི་གླེང་སྟེགས་སྐབས་གསུམ་པ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་གླེང་སྟེགས་ལ་ཞུགས་པར་མ་ཟད་གཏམ་བཤད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རིགས་གཞུང་ཞིབ་འཇུག་སི་ཡི་འགན་ཁུར་བློ་མཐུན་གྱིས་ཤིས་ཚིག་ཕུལ།
ད་ལོ་ནི་རང་ཞིང་གིས་བསྟུད་མར་ལོ་གསུམ་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པའི་ཆེད་དོན་གླེང་སྟེགས་བསྡུས་པ་ཡིན་ལ། རང་ཞིང་གིས་ཚད་གཞི་མཐོན་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱེད་པའི་དུས་དང་འཁེལ་ཡོད། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་ཞིང་ཆེན་ནང་ཁུལ་ནས་ཡོང་བའི་མི་རིགས་བྱ་བའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་གི་ལས་དོན་གཉེར་བའི་ཆེད་མཁས་པ་ཟི་ལིང་དུ་འཛོམས་ཏེ། རིག་གཞུང་ལ་བརྟེན་ནས་ལག་ལེན་ལ་བྱེད་ནུས་སྩོལ་བ་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ། ཤེས་རིག་ལ་བརྟེན་ནས་འཆར་གཞི་འགོད་པ་བཅས་བྱས་ཏེ་མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པའི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ཁ་ཕྱོགས་གཏན་འཁེལ་དང་བསམ་བློ་བརྗེ་རེས། བློ་གྲོས་གཅིག་བསྡུས་བཅས་བྱས་ཏེ་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་འདེགས་བྱེད་རྒྱུ་རེད།
ཐེངས་འདིའི་གླེང་སྟེགས་དེ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ། དུས་ཡུན་ཉིན་གཉིས་རེད། གླེང་སྟེགས་སྟེང་བརྗོད་དོན་སྙན་ཞུ་དང་རིག་གཞུང་སྙན་ཞུ། རིམ་མཉམ་གླེང་སྟེགས་བཅས་རིགས་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། ཟུར་མང་པོའི་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱས་པ་བརྒྱུད་དེ་རིགས་སྟོབས་ཀྱི་ཐོན་ཁུངས་གཅིག་བསྡུས་བྱས་ཡོད། གླེང་སྟེགས་ལ་ཞུགས་པའི་ཆེད་མཁས་པ་རྣམས་ཀྱིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་རིག་གནས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ཏེ། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱེད་པ་དང་། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གཙོ་གནད་དང་དཀའ་གནད་གཅིག་བསྡུས་བྱས་ཏེ་གནད་འཁེལ་ཇུས་འདོན་དང་། ལག་ལེན་བྱེད་ཐབས་ལེགས་བསྒྱུར་བྱས་ནས་མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་རིགས་གཞུང་གི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རེད།
གླེང་སྟེགས་སྐབས་སུ། གླེང་སྟེགས་ལ་ཞུགས་པའི་མི་སྣ་རྣམས་ད་རུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་དང་སློབ་སྦྱོང་བྱས།