ཟླ7པའི་ཚེས31ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོའི་ཏ་ཐང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ལུའེ་ཅོན་སོགས་ལ་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོའི་ཏ་ཐང་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་འབད་པས་མདུན་སྐྱོད་བྱེད་བཞིན་ཡོད་ལ། ཆུ་འཛོམས་པ་དང་འོད་ཕུན་སུམ་ཚོགས་པ། རླུང་བཟང་བ། ས་རྒྱ་ཆེ་བ་བཅས་ཀྱི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་བཞིན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རྐང་བཙུགས་ཏེ། ཀྲུང་གོའི་ཏ་ཐང་སྡེ་ཚོགས་ཀྱིས་མུ་མཐུད་དུ་མཚོ་སྔོན་བར་གྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ལས་གཞིར་མ་དངུལ་གཏོང་བ་དང་འཛུགས་སྐྲུན་བྱེད་པ། ནུས་ཁུངས་ཚན་རྩལ་གསར་གཏོད་སོགས་ཀྱི་ཕྱོགས་ནས་ཁྱད་ཆོས་མངོན་པར་བྱེད་པ་དང་དགེ་མཚན་བསྐྲུན་དགོས་པར་མ་ཟད། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་མུས་བཞིན་ཀྲུང་གོའི་ཏ་ཐང་སྡེ་ཚོགས་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མཉམ་དུ་མངོན་འགྱུར་བྱེད་ངེས།
ལུའེ་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོའི་ཏ་ཐང་སྡེ་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཕུན་སུམ་ཚོགས་ཤིང་། འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་ལ། འཕེལ་རྒྱས་ཀྱི་གོ་སྐབས་མང་བས། ནམ་ཡིན་ཡང་ཀྲུང་གོའི་ཏ་ཐང་སྡེ་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་འགངས་གནས་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ནས། ཀྲུང་གོའི་ཏ་ཐང་སྡེ་ཚོགས་ཀྱིས་གཙོ་བོ་གཅིག་དང་སྣ་མང་ཅན་གྱི་གཏན་འཁེལ་དམིགས་འབེན་ལྟར། དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་ཆེན་པོའི་འཛུགས་སྐྲུན་དང་ལྗང་མདོག་རྩིས་གློག་མཐུན་སྦྱོར། ལྗང་གློག་ཐད་སྦྲེལ། འོད་བརྟེན་བྱེ་བཅོས། སྐྱེ་ཁམས་བཅོས་སྐྱོང་སོགས་ལ་དམིགས་ནས་མཚོ་སྔོན་ལ་མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དེ་མཚོ་སྔོན་གྱིས་མགྱོགས་མྱུར་ངང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྟོབས་ཤུགས་འབུལ་ངེས།
ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།