མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས30ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་སྟེང་《མཚོ་སྔོན་ཞིང་ཆེན་ས་ཞིང་དོ་དམ་སྲོལ་ཡིག》ལ་གྲོས་འཆམ་བྱུང་བའི(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)སྐོར་གྱི་གནས་ཚུལ་མཚམས་སྦྱོར་གནང་།
ཚོགས་འདུའི་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྐྱོང་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས《སྲོལ་ཡིག》བཟོ་བཅོས་བྱེད་པའི་རྒྱབ་ལྗོངས་དང་། དེའི་གོ་རིམ། དོན་སྙིང། ནང་དོན། ཁྱད་ཆོས་བཅས་ཕྱོགས་ནས་གསར་འགྱུར་ཁྱབ་སྒྲོག་བྱས།
《སྲོལ་ཡིག》ལ་ཁྱོན་ལེའུ་བརྒྱད་དང་དོན་ཚན་ང་བརྒྱད་ཡོད་ཅིང་། སྤྱིའི་འཆར་འགོད་དང་། ཞིབ་ཕྲའི་འཆར་འགོད། ཆེད་དོན་འཆར་འགོད་བཅས་ཁག་གསུམ་དབྱེ་བ་ཡོད་པ་དང་། “འོག་རིམ་གྱིས་གོང་རིམ་གྱི་བཀའ་ལ་ཉན་པ་དང་། ཆེད་དོན་དང་ཞིབ་ཕྲའི་འཆར་འགོད་ཀྱིས་སྤྱིའི་འཆར་འགོད་ལ་བསྟུན་དགོས་པའི་དགོས་ངེས་ཀྱི་རྩ་དོན་གཏན་འབེབས་བྱས་ཡོད། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། གྲོང་རྡལ་བཅས་ཀྱི་རྒྱལ་ཁོངས་ས་ཞིང་གི་སྤྱིའི་འཆར་འགོད་སྒྲིག་བཟོ་དང་། གྲོས་ཞིབ། སྙན་ཞུ་མཆན་འགོད་ཀྱི་དབང་ཚད་བཅས་ཀྱི་རིམ་པ་དང་། རིམ་བགོས་མཆན་འགོད་ཀྱི་ས་མཚམས་གསལ་འབེབས་བྱས་ཡོད།《སྲོལ་ཡིག》ནང་རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱེད་པ་དེ་ཁྲིམས་འཛུགས་ཀྱི་ལྟེ་བའི་འོས་འགན་དུ་བཞག་སྟེ། རྨོ་ཞིང་སྲུང་སྐྱོབ་ཀྱི་འབྲེལ་ཐག་ཧྲིལ་བོར་དགོས་ངེས་ཀྱི་སྒྲིག་སྲོལ་བཙུགས། ཐོན་ལས་དང་འཕེལ་རྒྱས་ཐད་བཀོལ་སྤྱོད་བྱེད་པའི་ས་ཞིང་འགན་སྲུང་དང་ཞིང་འབྲོག་པའི་ཁེ་དབང་འགན་སྲུང་གཉིས་མཉམ་དུ་བཟུང་ནས་ས་ཞིང་བསྡུ་ལེན་གྱི་གོ་རིམ་ཧྲིལ་བོ་ཚད་ལྡན་ཅན་དང་ཁྲིམས་བཀོད་ཅན་དུ་བཟོས། མཚོ་སྔོན་གྱི་ཐོན་ལས་ཁྱད་ཆོས་ཅན་གྱི་ས་ཞིང་བཀོལ་སྤྱོད་སྲིད་ཇུས་ལ་བསྟུན་ནས་ཞིང་འབྲོག་ཁུལ་གྱི་ཁང་སའི་ཚད་གཞི་གསལ་འབེབས་བྱས་ནས“དུད་ཁྱིམ་ལ་སྡོད་ས་ཡོད་པའི”ཁྲིམས་བཀོད་འགན་སྲུང་ལག་ལེན་མཐའ་འཁྱོལ་བྱས་ཡོད།
《སྲོལ་ཡིག》ནང་གྲོན་ཆུང་ལེགས་བསྡུས་ཀྱིས་ས་ཞིང་བཀོལ་སྤྱོད་བྱེད་པ་དེ་ས་ཞིང་མཁོ་འདོན་བར་གྱི་འགལ་བ་སེལ་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིང་ཆེན་རིམ་པའི་ས་ཞིང་ལ་ལྟ་ཞིབ་བྱེད་པའི་དགོས་ངེས་ཀྱི་ལམ་ལུགས་བཟོས་པ་དང་། རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་གྱི་དྲ་རྒྱ་བཙུགས་ནས་སྡེ་ཚན་བར་མཉམ་ལས་དང་ཡིད་རྟོན། ཆད་གཅོད་བསླབ་འདོམས་ཀྱི་སྒྲིག་སྲོལ་འཐུས་ཚང་བཟོས་ཡོད་པ་བཅས་ཕྱོགས་མང་ནང་ཞུགས་དང་། ལག་རྩལ་གྱིས་རྒྱབ་སྐྱོར། འགན་འདེད་གནད་འཁེལ་བཅས་ཀྱི་ལྟ་སྐུལ་དོ་དམ་གྱི་རྣམ་པ་བསྐྲུན་ཡོད།
《སྲོལ་ཡིག》འདི་བཏོན་རྗེས། དབང་འགན་གསལ་བོ་དང་། གོང་འོག་མཉམ་འབྲེལ་གྱི་མཉམ་ལས་མཉམ་བཅོས་ཀྱི་ལས་ཀའི་རྣམ་པ་བསྐྲུན་ཏེ། ཕྱོགས་ཡོངས་ནས་གཟབ་ནན་ཅན་གྱི་ས་ཞིང་སྲུང་སྐྱོབ་ཀྱི་དགོས་ངེས་ལམ་ལུགས་མ་ལག་ཕྱོགས་ཡོངས་ནས་ཇེ་བརྟན་དུ་དང་། ས་ཞིང་བསྡུ་ལེན་སྔར་ལས་ཚད་དང་ལྡན་ལ། ཕྱི་གསལ་ནང་གསལ། འདྲ་མཉམ་དྲང་གཞག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་ཐུབ། ས་ཞིང་ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་ལེགས་སྒྱུར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་ཆ་འགན་སྲུང་ལ་ཤུགས་བསྣན་ནས་ས་ཞིང་གི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་ལ་ཕུགས་ཕན་ལམ་ལུགས་དང་ཟིལ་གནོན་ཕན་ལྡན་ཡོང་བར་སྐུལ་འདེད་གཏང་ཐུབ་བོ། །
《སྲོལ་ཡིག》འདི་2026ལོའི་ཟླ8ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ།