ཞིང་ཆེན་ཏང་ཨུས་དམག་དོན་གྲོས་བསྡུར་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ7པའི་ཚེས30ཉིན། ཞིང་ཆེན་ཏང་ཨུས་དམག་དོན་གྲོས་བསྡུར་གྲོས་ཚོགས་བསྡུས་ཏེ།  ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ནས། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་འགན་འཁྲི་ནན་མོ་འཁུར་བ་དང་། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ཐོན་པར་དམ་འཛིན་ནན་མོ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། ན་ནིང་ནས་བཟུང་། ཞིང་ཆེན་དམག་ཁུལ་གྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། རྒྱ་ཆེའི་དཔོན་དམག་ཡོངས་ཀྱིས་སེམས་ནུས་གཅིག་སྒྲིལ་དང་བདེན་འཛིན་དངོས་སྒྲུབ། སློབ་སྦྱོང་སློབ་གསོ་ཟབ་སྤེལ་ནན་མོ་བཅས་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ།  ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་ཏན་ཏིག་དང་ནུས་ལྡན་ཡོང་བར་བྱས་པ་དང་། དམག་སྦྱོང་དང་དམག་གྲབས་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བར་མ་ཟད། འཕྲལ་བསྟུན་རོགས་སྐྱོབ་ཀུན་གྱི་སྔོན་ལ་གདོང་མཆོང་བྱས་ནས་མདུན་སྐྱོད་བྱས་ཏེ། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་བ་ལས་གཞན། དཔུང་སྡེ་བཅོས་སྐྱོང་ཐད་ཕན་འབྲས་མངོན་གསལ་བླངས་ནས།  མཐོ་སྒང་དུ་བྱས་རྗེས་འཇོག་པའི་ཐད་ནས་ཀྱང་གཟི་བརྗིད་གསར་པ་བསྣན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སྔར་ལས་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཞིབ་མོ་ལེན་པ།  ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་གནང་བ་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་གྱི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མཁྲེགས་གཏོར་དམག་འཐབ་ལེགས་པར་རྒྱག་རྒྱུར་དམ་པོར་དམིགས་པ། དམག་འཐབ་འཕྲལ་བསྟུན་དང་ཞི་བདེ་དམག་འཐབ་གཞི་གཅིག་ཏུ་འགྱུར་བའི་སྐུལ་སློང་མ་ལག་འཛུགས་རྒྱུར་ཤུགས་སྣོན་པ། དམག་འཐབ་གྲ་སྒྲིག་དང་དམག་འཐབ་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་ཡི་རྒྱབ་རྟེན་བརྟན་པོ་བྱས་ནས། དམག་ལ་བརྩི་བཀུར་དང་དམག་ལ་གཅེས་པའི་རྣམ་པ་བཟང་པོ་བསྐྲུན་ཏེ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་མི་བཤིག་རྡོ་རྗེ་མདུད་པ་ལྟ་བུའི་འབྲེལ་བ་བརྟན་པོ་བསྐྲུན་དགོས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་། འཕྲལ་བསྟུན་དང་གློ་བུར་དུ་བྱུང་བའི་གནད་དོན་ཐག་གཅོད་སོགས་ཀྱི་ལས་དོན་ནང་རྒྱ་ཁྱབ་ངང་ཞུགས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་རེ་ལྟོས་ཆེ།

ཞིང་ཆེན་དམག་ཁུལ་གྱི་བཀའ་འཛིན་པ་ལི་ཧྲེང་ལི་ཡིས2025ལོའི་ལོ་སྨད་ཚུན་གྱི། ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱས་པའི་གནས་ཚུལ་སྙན་ཞུ་ཕུལ། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ནུབ། མཚོ་བྱང་། མཚོ་ལྷོ། མཚོ་ཤར་བཅས་ཀྱི་ཡན་ལག་དམག་ཁུལ་དང་། ཟི་ལིང་ཉེན་ཟོན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱིས་ཡུལ་དངོས་སམ་ཡང་ན་ཡིག་ཐོག་གི་རྣམ་པའི་ཐོག་ནས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་འགན་སྒྲུབ་སྙན་ཞུ་ཕུལ། ཚོགས་ཐོག་ནས2025ལོའི་མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་འབྲེལ་ཡོད་དཀའ་ཁག་དང་གནད་དོན་གྱི་འཕེལ་རིམ་གནས་ཚུལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་སྤྲད།  

ཐེངས་འདིའི་གྲོས་ཚོགས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་བསྡུས་པ་དང་། ཞིང་ཆེན་གྱིས་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས། འབྲེལ་ཡོད་ཞིང་ཆེན་གྱི་འགོ་ཁྲིད་དང་ཞིང་ཆེན་དམག་ཁུལ་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཚོགས་ར་གཙོ་བོའམ་ཡང་ན་ཡན་ལག་ཚོགས་རར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།