ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། ཐུང་ཅི་སློབ་ཆེན་གྱི་རྟོག་ཞིབ་ཚན་ཆུང་རྨ་ལྷོ་ཁུལ་དུ་ཡོང་ནས་དུས་ཡུན་ཉིན་ལྔའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ཐད་ཆེད་དོན་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། མཐོ་རིམ་སློབ་གྲྭའི་རིག་མཛོད་རིག་སྟོབས་ཐོན་ཁུངས་ཁྱད་ཆོས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་བྱེད་ནུས་བསྩོལ་བ་དང་། རིགས་གཞུང་ཞིབ་འཇུག་དང་ས་གནས་བཅོས་སྐྱོང་གི་ལག་ལེན་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ནས་རྨ་ལྷོ་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་འདེགས་བྱས།
ཐེངས་འདིའི་རྟོག་ཞིབ་ཚན་ཆུང་དེ་ཆེད་མཁས་པ་བཅུ་གཉིས་དང་རམ་འབྱམས་དང་འབུམ་རམས་སློབ་མ་བརྒྱད་ཀྱིས་གྲུབ་ཡོད་པས། ཆེད་ལས་ཀྱི་སྟོབས་ཤུགས་ཆེན་པོ་ཡོད། རྟོག་ཞིབ་བྱ་བར་ནུས་ལྡན་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱེད་ཆེད། རྨ་ལྷོ་ཁུལ་ཏང་ཨུའི་འཇོན་མིའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་དེ་གཅིག་འདོམས་བྱས་པ་དང་། ཁུལ་ཐད་གཏོགས་ལས་ཁུངས་བཅུ་དང་གྲོང་ཁྱེར་དང་རྫོང་ཏང་ཨུའི་རྩ་འཛུགས་པུའུ་གསུམ་དང་མཉམ་སྒུལ་སྒོས་བཞུགས་མོལ་སྦྲེལ་མཐུད་ཚོགས་འདུ་བསྡུས་ནས་ཕན་ནུས་ཆེ་བའི་སློབ་གྲྭ་དང་ས་གནས་ཀྱི་མཐུན་སྦྱོར་སྦྲེལ་མཐུད་སྟེགས་བུ་བཙུགས།
ཐེངས་འདིའི་རྟོག་ཞིབ་ཀྱིས་ཏང་འཛུགས་འཐབ་ཕྱོགས་དང་སྤྱི་ཚོགས་བཅོས་སྐྱོང་། སློབ་གསོ་དང་རིག་གནས་ཡུལ་སྐོར། གཞི་གྲངས་ཅན་འཛུགས་སྐྲུན་བཅས་ཀྱི་ཁྱབ་ཁོངས་གཙོ་བོར་དམ་དུ་དམིགས་ཤིང། ཏང་འཛུགས་སྣེ་ཁྲིད་དང་མི་རིགས་མཐུན་སྒྲིལ། རྨང་གཞིའི་སློབ་གསོ། རིག་གནས་ཐོན་ལས་འཕེལ་རྒྱས་སོགས་བྱ་བ་གཙོ་བོར་དམིགས་ནས་གཞི་རིམ་ལས་ཡུལ་དང་པོར་ཟབ་ཞུགས་བྱས་ཏེ་འཚམས་འདྲི་དང་ཞིབ་བཤེར་བྱས། རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་བྱེད་ཐབས་སྣ་མང་བརྒྱུད་དེ་གཞི་རིམ་བཅོས་སྐྱོང་གི་མི་འདང་སར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། རང་ས་གནས་ཀྱི་བཅོས་སྐྱོང་ཉམས་མྱོང་མ་ལག་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་པར་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་བསམ་ཕྱོགས་ལ་ཞིབ་འཇུག་གྲོས་བསྡུར་བྱས་ཏེ་རྨ་ལྷོའི་དོན་དངོས་དང་མཐུན་ཞིང་མཛུབ་སྟོན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གཉིས་ལྡན་གྱི་བཅོས་སྐྱོང་ཞིབ་འཇུག་གྲུབ་འབྲས་གྲུབ་པར་བྱས་ནས་གཞི་རིམ་བཅོས་སྐྱོང་ཐད་ཀྱི་དཀའ་གནད་ཐག་གཅོད་ལེགས་པོ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། 2024ལོ་ནས་བཟུང་། རྨ་ལྷོ་ཁུལ་དང་ཐུང་ཅི་སློབ་ཆེན་བར་རྒྱུན་རྣམ་ཅན་གྱི་སློབ་གྲྭ་དང་ས་གནས་མཐུན་སྦྱོར་རྐྱེན་སྲོལ་བཙུགས་པ་དང་། མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་ཕུགས་མདུན་སློབ་ཁང་མཉམ་འཛུགས་བྱེད་པ། ཕྱོགས་གཉིས་བར་བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཕྱོགས་མང་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཐེངས་འདིའི་རྟོག་ཞིབ་ནི་སློབ་གྲྭ་དང་ས་གནས་མཉམ་ལས་གྲོས་མཐུན་དོན་འཁྱོལ་བྱེད་པའི་དངོས་གཉེར་གྱི་བྱེད་ཐབས་གལ་ཆེན་ཞིག་རེད།
རྟོག་ཞིབ་སྐབས་སུ། ཐུང་ཅི་སློབ་ཆེན་ཀྲུང་གོ་འཐབ་ཇུས་ཞིབ་འཇུག་ཁང་མཚོ་སྔོན་རྟེན་གཞི་དང་རྨ་ལྷོ་ཁུལ་གྱི་རྩེར་སོན་འཇོན་མིའི་བྱ་བའི་ས་ཚིགས་ཀྱི་སྒོ་བྱང་གི་ཡོལ་རས་བླངས་པར་མ་ཟད། རྨ་ལྷོ་ཁུལ་གྱི་ཇུས་ཆོད་བློ་འདྲིའི་དམིགས་བསལ་ཆེད་མཁས་པར་གདན་ཞུའི་ཡི་གེ་བྱིན། རྩེར་སོན་རིག་མཛོད་སྟེགས་བུ་བཙུགས་པ་དེས་ས་གནས་འཇོན་མི་དང་ཇུས་ཆོད་བློ་འདྲིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་རྨ་ལྷོ་ཁུལ་གྱིས་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ལེགས་སྒྱུར་དང་གཞི་རིམ་བཅོས་སྐྱོང་ཕན་ནུས་ཇེ་ཆེར་གཏོང་བར་རིག་སྟོབས་ཀྱི་འདེགས་སྐྱོར་བརྟན་པོར་བཙུགས་ཡོད།