ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག》གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས30ཉིན།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག》གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས《སྲོལ་ཡིག》བཟོ་བཅོས་བྱས་པའི་རྒྱབ་ལྗོངས་དང་བརྒྱུད་རིམ། དོན་སྙིང་། ནང་དོན། དེ་བཞིན་ཁྱད་ཆོས་ཐད་ནས་གསར་འགྱུར་སྒྲོག་སྤེལ་བྱས།

《སྲོལ་ཡིག》ལ་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་ང་བརྒྱད་ཡོད་པ་དང་། དེའི་ནང་འཆར་འགོད་དེ་སྤྱིའི་འཆར་འགོད་དང་ཞིབ་ཕྲའི་འཆར་འགོད། ཆེད་དོན་འཆར་འགོད་བཅས་སུ་དབྱེ་ནས་འོག་རིམ་གྱིས་གོང་རིམ་གྱི་བཀའ་ལ་ཉན་པ་དང་། ཆེད་དོན་དང་ཞིབ་ཕྲའི་འཆར་འགོད་ཀྱིས་སྤྱིའི་འཆར་འགོད་བརྩི་སྲུང་བྱེད་པའི་སྒྲིག་སྲོལ་གཏན་འབེབས་བྱས་ཡོད་པར་མ་ཟད།   རིམ་པ་བགར་ཏེ་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་། ཞང་དང་གྲོང་རྡལ་བཅས་ཀྱི་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་སྒྲིག་བཟོ་གཏན་འབེབས་དང་གྲོས་ཞིབ། ཆོག་མཆན་འགོད་པའི་དབང་ཚད་བཅས་གཏན་འབེབས་གསལ་བོ་བྱས་ཏེ་རིམ་པ་བགར་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་མཐའ་མཚམས་གཏན་འཁེལ་གསལ་བོ་བྱས་ཡོད། 《 སྲོལ་ཡིག》ལས་རྨོ་ཞིང་གི་ཚད་མཐའ་བརྟན་སྲུང་བྱེད་རྒྱུ་དེ་ཁྲིམས་འཛུགས་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ་མུ་ཕྲེང་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོབ་རྐྱེན་སྲོལ་བཙུགས་ཡོད།  ཐོན་ལས་འཕེལ་རྒྱས་ཀྱི་ས་སྤྱོད་འགན་ལེན་དང་རོང་འབྲོག་མང་ཚོགས་ཀྱི་ཁེ་དབང་འགན་ལེན་ལ་གཞིགས་ནས་ས་བསྡུའི་བརྒྱུད་རིམ་ཧྲིལ་བོའི་ཚད་གཞི་ཅན་དང་ཁྲིམས་བཅད་ཅན་ཚད་ལྡན་དུ་བཏང་བ་དང་། མཚོ་སྔོན་ཐོན་ལས་ཀྱི་ཁྱད་ལྡན་ས་སྤྱོད་སྲིད་ཇུས་དང་འཚམ་པར་བྱས་ནས་རོང་འབྲོག་ཁུལ་གྱི་ཁང་སའི་ཚད་གཞི་གཏན་འབེབས་གསལ་བོ་བྱས་ཏེ་ཁྱིམ་ཚང་ལ་སྡོད་ས་ཡོད་པའི་ཁྲིམས་བཅད་འགན་ལེན་དོན་འཁྱོལ་བྱས་ཡོད།   《སྲོལ་ཡིག》ལས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་སྒོས་ས་ཞིང་སྤྱོད་རྒྱུ་དེ་ས་ཞིང་མཁོ་སྤྲོད་འགལ་བ་ཐག་གཅོད་པའི་བྱེད་ཐབས་གལ་ཆེན་ཏུ་བརྩིས་ནས་ཞིང་ཆེན་རིམ་པའི་ས་ཞིང་ལྟ་ཞིབ་ལམ་ལུགས་འཛུགས་པ་དང་།   ཤེས་རིག་ཅན་གྱི་ལངས་གཟུགས་ལྟ་སྐུལ་དོ་དམ་དྲ་རྒྱ་འཛུགས་པ། སྡེ་ཁག་བརྒལ་བའི་མཐུན་སྦྱོར་དང་ཡིད་རྟོན་ཆད་གཅོད་བསླབ་འདོམས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཕྱོགས་མང་མཉམ་ཞུགས་དང་ལག་རྩལ་འདེགས་སྐྱོར། འགན་འདེད་གནད་འཁེལ་གྱི་ལྟ་སྐུལ་དོ་དམ་རྣམ་པ་གྲུབ་པར་བྱེད་རྒྱུ་རེད།

《སྲོལ་ཡིག》ཕྱིར་བཏོན་པ་དེས་འགན་དབང་གསལ་བོ་བྱེད་པ་དང་གོང་འོག་མཉམ་སྒུལ་གྱི་མཐུན་སྦྱོར་མཉམ་བཅོས་བྱ་བའི་རྣམ་པར་གྲུབ་པར་བྱེད་པ་དང་།  ཆེས་ནན་མོ་ཡིན་པའི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་མ་ལག་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ། ས་བསྡུའི་བརྒྱུད་རིམ་སྔར་ལས་ཚད་ལྡན་དང་ཁ་གསལ། འདྲ་མཉམ་དྲང་གཞག་བཅས་ཡོང་བར་སྐུལ་འདེད་གཏོང་བ། ས་ཞིང་ཐོན་ཁུངས་བཀོད་སྒྲིག་ལ་གཅིག་འདོམས་དང་ལེགས་སྒྱུར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས་ས་ཞིང་གི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐད་ཡུན་ཕན་རྐྱེན་སྲོལ་གྲུབ་པར་སྐུལ་འདེད་གཏོང་རྒྱུ་རེད།

《སྲོལ་ཡིག》དེ2026ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།