ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས“བརྒྱད་གཅིག”གི་སྔ་ཉིན་མཚོ་སྔོན་དུ་སྡོད་པའི་དམག་དཔུང་ལ་འཚམས་འདྲི་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

བརྒྱད་གཅིག་དམག་དཔུང་འཛུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝུའུ་ཞའོ་ཅུན་དང་། ཧྲིན་ཀྲང་། ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའོ་ཏུང་ཁྲོན། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་བཅས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་ལ་འཚམས་འདྲི་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ། སྔོན་གཤེགས་དམག་མིའི་ནང་མི། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་དུས་ཆེན་གྱི་འཚམས་འདྲི་བྱས།

ཝུའུ་ཞའོ་ཅུན་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ཟི་ལིང་ཡན་ལག་རུ་ཁག་ཏུ་ཡོང་ནས། རུ་ཁག་གི་ལོ་རྒྱུས་ཁང་དུ་ལོ་རྒྱུས་ཀྱི་འཕེལ་རིམ་དང་བྱས་རྗེས་མཚན་སྙན་ལ་རྒྱུས་ལོན་བྱས་པ་དང་། གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་གསལ་བོ་བྱས་ཏེ། དཔོན་དམག་གི་དཔའ་ཉམས་ཆེ་བའི་བསམ་པའི་ཉམས་འགྱུར་དང་དམག་དཔུང་གི་འཛུགས་སྐྲུན་ཆུ་ཚད་ལ་ཁས་ལེན་གང་ལེགས་བྱས།  ཁོས་ཟི་ལིང་ཡན་ལག་རུ་ཁག་གིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་མཐོ་སྒང་ལ་རྐང་བཙུགས་ཏེ། བཅའ་སྡོད་བྱ་ཡུལ་ཕ་ཡུལ་དང་མི་དམངས་གཉེན་ཉེར་བརྩིས་ནས། ཉེན་སེལ་གནོད་སེལ་སོགས་ལས་འགན་གལ་ཆེན་ཁྲོད་གདོང་མཆོང་མདུན་སྐྱོད་བྱས་པ་དང་དམག་འཐབ་ཀྱི་བྱས་རྗེས་ཡང་ཡང་བཞག་ཡོད། དེ་ནི“ཏང་གི་བཀོད་འདོམས་ལ་ཉན་པ་དང་། དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ”བཅས་ཀྱི་ཕུལ་བྱུང་དམག་དཔུང་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། རེ་བ་ཡིན་ན་རྒྱ་ཆེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ལྷག་བསམ་སྦྱོང་བརྡར་བྱེད་པ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བརྡར་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་པ་དང་འཐབ་འཛིང་ནུས་ཤུགས་གསར་པ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་ཁྲོད་འབད་པས་ཞུགས་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་གང་མང་འཇོག་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་སྲོལ་ནང་བཞིན་དམག་དཔུང་འཛུགས་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམག་དཔུང་གི་དཔོན་དམག་ཚོའི་སེམས་ཁྲལ་སེལ་ནས། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་འབྲི་དགོས།

ལུའོ་ཏུང་ཁྲོན་ཟི་ལིང་མཉམ་འབྲེལ་མཁོ་སྒྲུབ་འགན་ལེན་ལྟེ་གནས་ཀྱི་སྟོང་དཔུང་ཞིག་ཏུ་ཡོང་ནས། སྦྱོང་བརྡར་སློབ་ཚན་གྱི་འཁྲབ་སྟོན་ལ་ལྟ་སྐོར་དང་། དཔོན་དམག་དང་མཛའ་བརྩེའི་ངང་བསམ་བློ་བརྗེ་རེས་བྱས་ཏེ། སློབ་སྦྱོང་དང་འཚོ་བ་དང་དམག་གྲབས་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔའི”དུས་སྐབས་ནི། བབ་བསྟུན་མདུན་སྐྱོད་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་དུས་མཚམས་གལ་ཆེན་ཞིག་ཡིན། དམག་དཔུང་གི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཏེ། རྒྱལ་ཁ་ཐོབ་པའི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཟབ་སྤེལ་གཏོང་བ་དང་མཉམ་འབྲེལ་མཁོ་སྒྲུབ་རོགས་སྐྱོར་འགན་ལེན་ཐད་ནུས་ཤུགས་གཅིག་སྡུད་ཀྱིས་མཁྲེགས་གཏོར་ཇེ་ལེགས་སུ་གཏོང་བ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། ཏང་དང་མི་དམངས་བློ་བདེ་བའི་དེང་རབས་ཅན་གྱི་མཉམ་འབྲེལ་མཁོ་སྒྲུབ་འགན་ལེན་གྱི་ས་མཐོའི་དམག་དཔུང་སྟོབས་ལྡན་ཞིག་ཏུ་འགྱུར་བར་འབད་དེ། རྒྱལ་སྲུང་འཛུགས་སྐྲུན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་སྲོལ་ནང་བཞིན་མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་དམག་སྦྱོང་དམག་གྲབས་དང་བཅོས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས། དུས་རབས་གསར་པའི་དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥུང་དང་དབྱང་ཀྲི་ཝུན་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།