མིག་སྔའི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་གཞིགས་ནས་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞི་ཅིན་ཕིང་གིས་འགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མིག་སྔའི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་གཞིགས་ནས་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞི་ཅིན་ཕིང་གིས་འགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ7པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། མིག་སྔའི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་གཞིགས་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ་བཅས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་ན། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གྲུབ་པར་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་འདོམས་སྔར་ལས་ལེགས་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་མྱུར་དུ་སྐུལ་འདེད་གཏོང་བ། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ། བསགས་འབོར་སྲིད་ཇུས་སྣ་ཚོགས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། དུས་ཐོག་ཏུ་དངོས་གཉེར་གོ་ཆོད་ཀྱི་འཕར་ཚད་སྲིད་ཇུས་ཇུས་འགོད་ཕྱིར་འདོན་བྱེད་པ། དུས་འཁོར་ལྡོག་མའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ལེགས་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བསྒྱུར་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེར་སྐྱེད་དང་སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་གསར་འཕེལ་ལེགས་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཞིག་རྩོམ་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལི་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་སྐོར་གྱི་འབྲེལ་ཡོད་བསམ་ཚུལ་ངོ་སྤྲོད་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ།  ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ་ཧྲའོ་ཧྥུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མ་ཀྲུང་གུང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་ཀྱི་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་བསམ་གཞིགས་ལ་ཡོངས་སུ་འཐད་པ་མ་ཟད། སྒུལ་ནུས་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་གི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་ནུས་དཔལ་འབྱོར་ཐོན་ལས་ཀྱི་ཉེར་སྤྱོད་ཚད་གཞིའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་དང་རིག་གནས་འཛུགས་སྐྱོང་གི་མཉམ་ཤུགས་འདོན་སྤེལ་བྱེད་རྒྱུར་གཅིག་འདོམས་བྱེད་པ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཇེ་བརྟན་དུ་གཏོང་བ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ། འཛད་སྤྱོད་རྒྱ་བསྐྱེད་པའི་འཆར་འགོད་དོན་འཁྱོལ་གནད་ཕིགས་བྱེད་པ། ནུས་ལྡན་དངུལ་གཏོང་སྔར་ལས་རྒྱ་བསྐྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། དུས་ལྡོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ད་ལོའི་ལོ་སྟོད་དུ། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་དང་སྡེ་ཚན་ཁག་གིས་སྔོན་ལ་ནུས་ཤུགས་འདོན་པ་དང་རང་འགུལ་ངང་ལས་དོན་བསྒྲུབས་ཏེ། ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བྱས། རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་མདུན་དུ་བསྐྱོད་པ་དང་། གསར་པ་དང་ལེགས་ཕྱོགས་སུ་བསྐྱོད་དེ་མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་དཀའ་ངལ་དང་འགྲན་སློང་ཁག་ཅིག་ལ་འཕྲད་ཡོད་པས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་ཐོག་ཡར་འཕར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལོ་སྨད་དུ་སྤྱི་ཁོག་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་བཏང་སྟེ། ནང་མཁོའི་བག་ཤུགས་སྔོག་འདོན་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ནུས་ལྡན་བྱས་ཏེ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་རྒྱུན་མཐུད་ངང་སེལ་བ་སོགས་ཀྱི་བྱ་བ་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་སྟོད་དུ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རང་འགུལ་ངང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་བྱས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་ཁ་ཤས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས།

ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་ཁག་གསུམ་བཏོན་པ་སྟེ། གཅིག་ནི་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་གུང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་སྐོར་གྱི་དབྱེ་ཞིབ་བརྡར་གཅོད་དང་། དཔལ་འབྱོར་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། གཉིས་ནི་རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ཏེ། བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་དམིགས་སའི་རང་བཞིན་ལྡན་པའི་གྲོས་འགོ་བཏོན་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕར་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། གསུམ་ནི་རྒྱ་ཆེའི་ཁོངས་མི་དང་མང་ཚོགས་དང་འབྲེལ་བ་བྱེད་པའི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཚང་མས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་ལེན་པར་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ཀྱི་ཆབ་སྲིད་ཀྱི་ངོས་ལེན་དང་། བསམ་བློའི་ངོས་ལེན། གཞུང་ལུགས་ངོས་ལེན། བརྩེ་སེམས་ངོས་ལེན་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྣམ་པ་བཟང་པོ་ཞིག་གཏོད་དགོས།

ལིའུ་གོ་ཀྲུང་དང་། ལི་ཀན་ཅེ། ཧོ་ལི་ཧྥེང་། ཀྲང་གོ་ཆིན། ཝུའུ་ཀྲེང་ལུང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣ་ལ་ད་དུང་ཧྲའོ་ཧུང་དང་། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན། ཀྲང་ཨེན་ཏི། ཧྥང་ཀོང་ཧྭ། ཀྲང་པིན་སོགས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།