བུ་བཅོལ་ཁང་ནས་སློབ་ཆེན་བར་རྒྱལ་ཁབ་ཀྱི་རོགས་སྐྱོར་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཉིན་ཤས་གོང་སློབ་གསོ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་སོགས་སློབ་མར་རོགས་སྐྱོར་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས། ངོ་སྤྲོད་ལྟར་ན། 2025ལོར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སློབ་མ་མི་ཐེངས་དུང་ཕྱུར1.6ཙམ་ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར3900ལས་བརྒལ་ཡོད།

འོ་ན་སློབ་མ་གང་དག་གིས་རོལ་དངུལ་དེ་ལོངས་སུ་སྤྱོད་ཐུབ་པ་དང་། རོགས་དངུལ་གྱི་ཚད་གཞི་གང་འདྲ་ཡིན་ཞེ་ན། གཤམ་ནས་ང་ཚོས་མཉམ་དུ་རྒྱུས་ལོན་ཞིག་བྱ།

སྔོན་འགྲོ་སློབ་གསོའི་དུས་མཚམས།

སློབ་མ་གང་དག་གིས་རོགས་སྐྱོར་ལོངས་སུ་སྤྱད་ཆོག

2025ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་གཞུང་གཉེར་བུ་བཅོལ་ཁང་གི་ལོ་གཅིག་ནང་བུ་བཅོལ་ཁང་སྔོན་འགྲོ་སློབ་གསོ་མྱོང་བའི་བྱིས་པ་གསོ་སྐྱོང་གི་སློབ་གསོའི་གྲོན་དངུལ་རྩ་ཆག་གཏོང་རྒྱུ་དང་། སློབ་གསོ་སྡེ་ཚན་གྱིས་ཆོག་མཆན་སྤྲད་ནས་བཙུགས་པའི་དམངས་གཉེར་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་པའི་སློབ་ལོ་རན་པའི་བྱིས་པར་ས་གནས་དེའི་རིགས་གཅིག་གི་གཞུང་གཉེར་བུ་བཅོལ་ཁང་གི་སློབ་ཡོན་རྩ་ཆག་གཏོང་བའི་ཆུ་ཚད་གཞིར་བཟུང་བུ་བཅོལ་ཁང་གི་སློབ་གསོའི་གྲོན་དངུལ་དེ་དང་བསྟུན་ནས་ཆག་ཡང་དུ་བཏང་།

2025ལོར་སྔོན་འགྲོ་སློབ་གསོའི་ལོ་གཅིག་རིང་གི་བུ་གསོ་སློབ་གསོའི་གྲོན་དངུལ་རྩ་ཆག་གཏོང་བའི་སྲིད་ཇུས་དེ་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ་ཁྲི1400ལྷག་ལ་ཕན་བཏེགས་ཡོད།

འོས་འགན་སློབ་གསོའི་དུས་མཚམས།

2025ལོ་ནས་བཟུང་འོས་འགན་སློབ་གསོའི་དུས་སུ་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་རྒྱ་ཆེ་རུ་བཏང་སྟེ། དེ་སྔ་གཅིག་སྡུད་མུ་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་རྫོང་མཁར་དག་ས་གནས་ཀྱི་འཆར་གཞིའི་ནང་བཅུག

2025ལོར་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མ་ཁྲི1877ལ་འཚོ་བའི་ཁ་གསབ་རོགས་དངུལ་ཐོབ་པ་དང་སློབ་མ་ཁྲི2758ལ་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ལོངས་སུ་སྤྱོད་རྒྱུ་ཡོད།

འབྲིང་རིམ་ལས་རིགས་སློབ་གསོ།

2025ལོ་ནས་བཟུང་འབྲིང་རིམ་ལས་རིགས་སློབ་གསོའི་ཆ་རྐྱེན་དང་མཐུན་པའི་ལོ་རིམ་གསུམ་པའི་སློབ་མ་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གྱི་རོགས་སྐྱོར་ཁྱབ་ཁོངས་ནང་བཅུག

2025ལོར་སློབ་མ་ཁྲི2ལ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་པ་དང་། སློབ་མ་ཁྲི1279ཡི་སློབ་ཡོན་སྤྲོད་མི་དགོས་པ་བཟོས། སློབ་མ་ཁྲི407ལ་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ཐོབ།

མཐོ་རིམ་སློབ་འབྲིང་དཀྱུས་མ།

2025ལོ་ནས་བཟུང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གྱི་ཆ་སྙོམས་རོགས་དངུལ་ཚད་གཞི་ཇེ་མཐོར་བཏང་ནས་སློབ་མ་རེར་ལོ་རེར་སྒོར2000ནས་སྒོར2300བར་ཇེ་མཐོར་བཏང་།

2025ལོར་སློབ་མ་ཁྲི465ཡིས་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལོངས་སུ་སྤྱོད་ཡོད་པ་དང་། སློབ་མ་ཁྲི199ཡི་སློབ་ཡོན་སྤྲོད་མི་དགོས་པ་བཟོས།

མཐོ་རིམ་སློབ་གསོའི་དུས་མཚམས།

2025ལོ་ནས་བཟུང་། ཀྲུང་དབྱང་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་ཚད་གཞི་ཇེ་མཐོར་བཏང་བ་དང་། རབ་འབྱམས་པའི་སློབ་མར་རྒྱབ་སྐྱོར་བྱེད་ཚདལོ་རེར་སྒོར8000ནས་སྒོར10000བར་ཇེ་མཐོར་བཏང་། འབུམ་རམས་པའི་སློབ་མར་རྒྱབ་སྐྱོར་བྱེད་ཚད་ལོ་རེར་སྒོར10000ནས་སྒོར12000བར་ཇེ་མཐོར་བཏང་།

2025ལོར་སློབ་མ་ཁྲི21ལ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་པ་དང་། སློབ་མ་ཁྲི122ལ་རྒྱལ་ཁབ་ཀྱི་སྐུལ་སློང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་པ། སློབ་མ་ཁྲི264ལ་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་པ། སློབ་མ་ཁྲི1271ལ་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ཐོབ་པ། སློབ་མ་ཁྲི852ལ་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཉེར་ཡོད།

མ་དངུལ་གཏོང་འཇོག 

2025ལོར་རྒྱལ་ཡོངས་ཀྱི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར3900ལས་བརྒལ་བ་དེ་ལོ་གོང་མ་ལས14%ལྷག་འཕར་ཡོད།

ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར2400ཙམ་བཏང་བ་དང་། དེ་རོགས་སྐྱོར་མ་དངུལ་བསྡོམས་འབོར་གྱི་བཅུ་ཆ་དྲུག་བཟུང་ལ། རོགས་སྐྱོར་མ་དངུལ་གྱི་ཡོང་ཁུངས་གཙོ་བོ་རེད།

དོ་སྣང་བྱེད་དགོས་པ་ཞིག་ལ2025ལོར་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར1277ཟིན་ཞིང་། དེ་ནི་ལོ་གོང་མ་ལས34%འཕར་བས་རོགས་སྐྱོར་མ་དངུལ་བསྡོམས་འབོར་གྱི་གསུམ་ཆའི་གཅིག་བཟུང་ཡོད།

2025ལོར་སློབ་མའི་རོགས་སྐྱོར་མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་འཕར་ནས་ནོར་སྲིད་ཀྱི་མ་དངུལ་གཏོང་ཚད་ཐོག་མཐའ་བར་གསུམ་དུ་གཙོ་ཁྲིད་ཀྱི་གནས་བབ་བཟུང་ཡོད།

དོ་དམ་ཆུ་ཚད།

2025ལོར་སློབ་གསོ་པུས་སློབ་མར་རོགས་སྐྱོར་གནད་འཁེལ་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་།

དམིགས་བསལ་སློབ་མའི་གཞི་གྲངས་དེ“དྲ་རྒྱ་གཅིག་མཉམ་སྤྱོད”བྱེད་ཐུབ་པ་དང་སློབ་མར་རོགས་སྐྱོར་བྱེད་པའི་ཆ་འཕྲིན“དྲ་རྒྱ་གཅིག་ནས་འདྲི་རྩད”བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།