མུ་གེ་ཐང་གི་ལོ་ངོ་སུམ་ཅུའི་བྱེ་བཅོས་གྲུབ་འབྲས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དབྱར་ཟླ་བདུན་པར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་མུ་གེ་ཐང་དུ་བསྐྱོད་པ་ན། མིག་མདུན་དུ་རྒྱུ་འོང་བ་ནི་ལྗོན་བཟང་གི་འདབ་ལོ་བཀྲ་བའི་གསོན་ཉམས་ལྡན་པའི་རྣམ་པ་དེ་རེད། ལེ་དབར་རྒྱ་ཕྲག་གི་བར་དུ་ལྗོན་པ་སྣ་ཚོགས་ཕྲེང་བཞིན་བསྟར་ཏེ་བྱེ་སྒང་བརྟན་པོ་བཟོས་པས་རྩི་ཤིང་གི་འདབ་མ་ཁྲི་ཕྲག་གིས་སྐྱ་སད་སྔོ་སྡུག་གི་རྣམ་པ་ཡོངས་སུ་བསྒྱུར། ལེ་དབར185ཡི་བར་དུ་བཙུགས་པའི་བྱེ་འགོག་གི་ལྗོན་བཟང་ནི་ལྗང་མདོག་གི་ལྕགས་རི་རིང་པོ་ཞིག་དང་ཀུན་ནས་མཚུངས།
  བློ་ཡུལ་ལས་འདས་པ་ཞིག་ལ། ལོ་ངོ་སུམ་ཅུའི་སྔོན་ལ་གནས་འདིར་བྱེ་རྡུལ་གྱིས་འཁྱུར་མུད་བཏང་ནས་ལོ་རེར་སྨི5ནས15ཡི་མྱུར་ཚད་ཀྱིས་རྩྭ་ས་དང་ཞིང་ས་མང་པོ་བསྣུབས་ཏེ་མང་ཚོགས་ཀྱི་འཚོ་བའི་བར་སྟོང་ཇེ་ཆུང་དུ་ཕྱིན།  “བྱེ་མས་མི་འདེད”ཀྱི་རྣམ་པ་དེ་ཡུལ་དེའི་མང་ཚོགས་ཀྱིས་ནམ་ཡང་འདོར་ཐབས་མེད་པའི་སེམས་ཀྱི་ན་ཟུག་ཅིག་ཏུ་གྱུར་ཡོད། 1996ལོར་དུས་ཡུན་རིང་བོར་རྒྱུན་སྐྱོང་དགོས་པའི་བྱེ་འགོག་བྱེ་བཅོས་ཀྱི་འགག་གཏོར་དམག་ཐབས་དེ་དངོས་སུ་རྒྱག་མགོ་བརྩམས།

མཚོ་འཕགས་སྨི3100ཡོད་པའི་མུ་གེ་ཐང་ནི་ས་མཐོ་ལ་གྲང་ངར་ཆེ་ཞིང་། གནམ་གཤིས་སྐམ་ཤས་ཆེ་བ། ས་རྒྱུ་ཞན་པ་ཞིག་སྟེ། རྫོང་ཡོངས་ཀྱི་ས་ཞིང་ས་མུའུ342བྱེ་མར་འགྱུར་བ་དང་། བྱེ་ས་ས་མུའུ་ཁྲི142གནས་འདི་ན་ཡོད། སྔོན་ཆད་བྱེ་རླུང་འཁྲུགས་དུས་གནམ་སའི་དབྱེ་བ་མི་ཤེས་པའི་ཚུལ་ལ་བསླེབས་ཀྱི་ཡོད་པས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གནོད་འཚེ་དང་གཏོར་བརླག་བཟོས་མྱོང་།    ད་ལོར་ལོ་ན་བདུན་ཅུ་ལ་སོན་པའི་རྒད་པོ་བུ་རྒྱལ་ནི་བྱེ་འགོག་བྱེ་བཅོས་ཀྱི་དམག་འཐབ་དངོས་བརྒྱུད་མྱོང་མཁན་ཞིག་ཡིན། ལོ་ངོ་སུམ་ཅུའི་ཡར་སྔོན་ལ། བྱེ་རྡུལ་རང་ཁྱིམ་གྱི་ར་སྐོར་ནང་ལྡང་ཡོང་པ་མཐོང་བས། ཁོས་ཁྱིམ་གྱི་འཕྲུལ་རྟ་དང་ལུག་ཁྱུ་བཙོངས་ནས་སྡོང་ཕྲུག་ལ་བརྗེ་ཞིང་། ཁྱིམ་མི་གང་བོ་ཁྲིད་དེ་བྱེ་འགོག་གི་ལས་ལ་གཞོལ། བྱེ་བཅོས་ཀྱི་ལམ་ནི་དཀའ་སྡུག་གི་ལམ་ཞིག་རེད། ཐེངས་དང་པོར་སྡོང་རྐང་ཁྲི3བཙུགས་པ་ཚང་མ་རླུང་གིས་གཏོར། ཡིན་ན་ཡང་ཁོས་བློ་མ་ཕམ། བྱེ་སར་ཆུ་མེད་པས་ཁོས་ལྕགས་ཁེམ་གྱིས་ས་བརྐོས་ཏེ་ཆུ་བཙལ་ནས་སྡོང་ཕྲུག་གསོ་ཐུབ་བྱས་པ་དང་།  སྡོང་ཕྲུག་ལ་འདབ་མ་རེ་རྒྱས་ཡོང་དུས་སྒོ་ཟོག་གིས་ཡོངས་སུ་བཅོམ། དེ་ལྟ་ན་ཡང་ཁོས་རང་གིས་བསགས་པའི་སྒོར་མོ་བཏང་ནས་སྐྱོ་ར་བཙུགས། དེ་ལྟར་ལོ་ནས་ལོ་ལ་བརྟན་སྲུང་བྱས་པས་བྱེ་ཐང་སྐམ་པོ་དེར་གསོན་ཤུགས་རྒྱས་ནས་སྡོང་ཕྲུག་གི་གསོན་ཚད90%ལ་བསླེབས། “སྡོང་འཛུགས་ནགས་བཅོས་བྱས་ནས་རང་གི་ཁྱིམ་གཞིས་སྲུང་བ་ཡིན། ད་ལྟ་ཁོས་བུ་ཡིས་རྒྱུན་དེའི་མུ་བསྐྱངས་ནས་ལྗང་མདོག་སྲུང་བའི་ལས་འགན་ཕྲག་ཏུ་ཁུར་ཡོད། ང་ཚོས་མི་རབས་ནས་མི་རབས་སུ་རྒྱུད་འཛིན་བྱེད་རྒྱུ་ཡིན”ཞེས་བརྗོད་ནས་བྱེ་བཅོས་བ་ཞིག་གི་ལྷག་སེམས་དང་བརྟན་སྲུང་གི་བློ་རྩ་བརྟན་པོ་ཞིག་ངང་གིས་མངོན་ཡོང་།

ལོ་ངོ་ཉི་ཤུ་ལྷག་རིང་གི་ནགས་སྲུང་ཉམས་མྱོང་ལྡན་པའི་སྐྱེ་ཁམས་དོ་དམ་པ་རྡོ་རྗེ་རྒྱལ་ནི་ལོ་དྲུག་ཡིན་དུས་ཕ་མའི་རྗེས་དེད་དེ་སྡོང་འཛུགས་ཀྱི་ལས་ལ་ཞུགས་མྱོང་། ལྷག་པར་དུ་རྒྱ་བོད་སྐད་གཉིས་ལ་བྱང་ཆ་ལྡན་པས་ལོ་རེའི་དཔྱིད་ཀའི་སྡོང་འཛུགས་ཀྱི་དུས་ལ་སྡེ་བ་དང་སྡེ་བའི་བར་ཕར་རྒྱུག་ཚུར་རྒྱུག་བྱས་ནས་སྡེ་མི་རྣམས་ལ་སྐུལ་མ་བཏང་ནས་མཉམ་དུ་བྱེ་མའི་མགོ་གནོན་བྱེད་སྡོང་འཛུགས་ཀྱི་ལས་ལ་བྲེལ། “ནགས་ཚལ་འདི་ལེགས་པོ་སྲུང་ན་ད་གཟོད་བྱེ་རླུང་གིས་ང་ཚོར་ཁྱད་གསོད་བྱེད་མི་ཐུབ”ཅེས་རྡོ་རྗེ་རྒྱལ་གྱིས་མདུན་གྱི་ལྗང་ལྟེམ་མེར་ཡོད་པའི་ལྗོན་པའི་ཚོགས་ལ་ལྟ་བཞིན་དེ་ལྟར་བཤད།  

ཕྱོགས་བཞིར་མིག་གཡེང་བྱས་ན་གཡུ་ལོ་འཁྲུག་པོ་ཡིས་མིག་དབང་ངང་གིས་གསོས་འོང་ཞེས་བུ་མོ་ཆུ་ཆུང་དེས་སེམས་ལ་རེ་སྨོན་གྱིས་ཁེངས་བཞིན“ཕྱིན་ཆད་ངས་རྩྭ་དང་རྩི་ཤིང་། མེ་ཏོག་ལ་གཅེས་སྐྱོང་བྱས་ཏེ། ཐོབ་དཀའ་བའི་གཡུ་ལོ་བཀོད་པའི་གླིང་ཆུང་ཆུང་ལ་གཅེས་སྤྲས་ཡག་པོ་བྱེད་རྒྱུ་ཡིན”ཟེར།   

ལོ་ངོ་སུམ་ཅུའི་བྱེ་བཅོས་ཀྱི་འཕོ་འགྱུར་འདི་ནི་མི་རབས་ནས་མི་རབས་ཀྱི་བྱེ་བཅོས་པའི་དངོས་སྒྲུབ་གསར་གཏོད་དང་འབད་འབུངས་ལྷོད་མེད་ལ་འབྲལ་ཐུབ་མེད།  མང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་བཟོ་སྐྲུན་བ་ཆེན་པོ་ཡུས་ཐིན་ལུང་ནི་ལོ་ངོ་བཅུའི་རིང་ལ་ལས་དེ་འབད་འབུངས་ཀྱིས་སྒྲུབ་མཁན་ཞིག་ཡིན་ཞིང་།  བྱེ་བཅོས་བྱེད་སྟངས་གསར་བརྗེ་དང་རིམ་སྤར་གྱི་གོ་རིམ་ཡོངས་བརྒྱུད་མྱོང་བ་ཞིག་རེད།  2012ལོར་ཁོ་རང་སློབ་ཆེན་ནས་མཐར་ཕྱིན་རྗེས།  མུ་མཐའ་མེད་པའི་བྱེ་ཀློང་ཆེན་པོའི་ཁྲོད་མགོ་སྨད་དེ་བློ་རྩེ་གཅིག་གིས་བྱེ་བཅོས་ལ་གཞོལ་མགོ་བརྩམས། དང་ཐོག་ལྗོངས་ཕྱིར་ལས་ཀ་བྱེད་དུས་ལུས་ཡོངས་བྱེ་རྡུལ་གྱིས་གང་བ་སོགས་ཡ་ང་བའི་ཁོར་ཡུག་གིས་གནས་དེར་སྡོད་ཐུབ་མེད་པའི་ཚོར་བ་བྱུང་མྱོང་།  ཁོས་འདི་སྐད། “སྔོན་བྱོན་བྱེ་བཅོས་པ་དག་གིས་གསུང་དོན།  བྱེ་བཅོས་ནི་དུས་ཡུན་རིང་བོར་བསྒྲུབ་ནས་འགྲུབ་པ་ཞིག་ལས་ཞོགས་རེ་དགོང་རེ་ཙམ་གྱིས་འགྲུབ་པ་ཞིག་མ་ཡིན་ཞེས་པ་དེ་རེད་ཟེར།”

སྔོན་ཆད་བྱེ་ཁུལ་ལ་འགྲོ་སའི་ལམ་ནི་མེད། དེར་བསྐྱོད་ན་ངེས་པར་དུ་ནོར་ལུག་ལ་ཁལ་བཀལ་ནས་དོས་སྐྱེལ་བ་དང་། མིས་དོས་པོ་རྒྱབ་ཏུ་ཁུར་ནས་འགྲོ་དགོས། ཕྱིས་འདྲུད་འཐེན་འཁོར་ལོ་ལ་སོགས་འཕྲུལ་འཁོར་འདྲ་མིན་བེད་སྤྱོད་ལ་བརྟེན་ནས་སྟབས་བདེ་བོ་ཞིག་ཡིན་མོད། མཚན་གཅིག་གི་བྱེ་རླུང་གིས་ཡོང་ལམ་ཚང་མ་བསྣུབས་འགྲོ་བ་ཡིན། “བྱང་གསུམ”ལས་གཞི་དང་བསྟུན་ནས་རིག་ནུས་ཅན་གྱི་བྱེ་བཅོས་སྒྲིག་ཆས་མཐོ་སྒང་གི་བྱེ་ཁུལ་དུ་ཐོན་ཞིང་། མི་མེད་གནམ་གྲུ་འགའ་ཐོག་མར་བཀོལ་སྤྱོད་བྱས་པ་དང་བསྟུན་ནས་མི་མེད་གནམ་གྲུ་རེ་ནས་ཐེངས་གཅིག་ལ་འབྲས་སོག་རྒྱ་མ150ལྷག་རེ་གཏན་འཁེལ་གྱི་གནས་སུ་སྐྱེལ་ཐུབ་པས། མི་ཤུགས་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་པར་མ་ཟད་ལས་ཀའི་ཕན་འབྲས་ཀྱང་ལྡབ་འགྱུར་གྱིས་འཕར་ཐུབ།

ཡུས་ཐིན་ལུང་གིས་གསར་འགོད་པར་འདི་སྐད། མང་རྫོང་གིས་མཐོ་སྒང་གི་གནམ་གཤིས་ཁྱད་ཆོས་ལ་གཞི་ཚུགས་ཏེ།  བྱེ་སར་འཚམ་པའི་ལྗོན་བཟང་རིགས་འདེམས་ནས་བཙུགས་པ་དང་། མཐོ་སྒང་གི་སྡོང་འཛུགས་ལག་རྩལ་དང་འཚམ་པ་ཞིག་གསར་གཏོད་ཐོག་ཁྱབ་གདལ་བཏང་ནས་རྩྭ་སྐྱ་ཡི་རྒྱ་བཅོས་ནས་བྱེ་ས་མནན་པ་དང་། ལྗོན་པ་དང་རྩི་ཤིང་མཉམ་འདེབས། ནགས་འཛུགས་བསྡམས་གསོ་བཅས་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་བྱེ་བཅོས་བྱེད་སྟངས་ཤིག་འཚོལ་ཞིབ་བྱུང་།

ལོ་ངོ་སུམ་ཅུར་ཆར་རླུང་གདོང་གིས་བསུས་ཏེ། ད་གཟོད་ལྟ་ན་སྡུག་པའི་རི་ཆུའི་ཉམས་བཟང་འདི་མངོན་པ་ཡིན། མང་རྫོང་གིས་སྔ་གཞུག་ཏུ་མ་དངུལ་དུང་ཕྱུར17.5བཏང་སྟེ། བྱེ་འགྱུར་ས་མུའུ་ཁྲི221ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། མུ་གེ་ཐང་གི་བྱེ་འགོག་བྱེ་བཅོས་ཀྱི་སྲུང་ཐག་ཡོངས་གཅིག་ཏུ་སྦྲེལ་ཐུབ་ཡོད། རྫོང་ཁོངས་ཀྱི་ནགས་ཤིང་གི་ཁེབས་ཚད2.6%ནས19.24%ལ་བསླེབས་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་ཁེབས་ཚད66.21%ལ་བསླེབས། ལྟེ་བའི་བཅོས་སྐྱོང་ཁུལ་གྱི་རྩི་ཤིང་གི་ཁེབས་ཚད75%ལས་བརྒལ། 

བྱེ་རླུང་གིས་གནམ་ས་འཁྲུགས་པ་ནས་སྔོ་ལྗང་རྩི་ཤིང་ཡུག་གཅིག་ཏུ་འབྲེལ་བའི་བར་དང་། “བྱེ་མས་མི་འདེད་པ”ནས“རྩི་ཤིང་གིས་བྱེ་མ་འདེད་པའི”བར་དུ། མང་རྫོང་གིས་སྐྱེ་ཁམས་བཅོས་སྐྱོང་དང་དམངས་ཚིས་འཕེལ་རྒྱས་ཕྱོགས་གཉིས་ལ་ནུས་ཤུགས་བསྩལ། སྔ་རྗེས་སུ་ཞིང་འབྲོག་མང་ཚོགས་ཁྲི1.8ལྷག་གིས་ཉེ་ས་ནས་ལས་ཞུགས་དང་། འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འཁྲིད་བྱས་ཏེ། བྱེ་བཅོས་དང་སྔོ་སྲུང་། དམངས་ཕྱུག་རེས་མོས་སུ་འཁོར་བའི་ཁེ་ཕན་བཟང་བོ་དངོས་སུ་མངོན་འགྱུར་བྱུང་བས། རྨ་ཆུའི་སྟོད་རྒྱུད་དུ་མཐོ་སྒང་གི་སྐྱེ་ཁམས་ལྗང་མདོག་གི་སྲུང་ཡོལ་སྲ་ཞིང་བརྟན་པ་ཞིག་བསྐྲུན་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།