སྐབས་བཅོ་ལྔ་པའི་སློབ་ཆེན་པས་རབ་མཛེས་མཚོ་སྔོན་བསྐོར་བ་དང་སྐབས་བཅུ་གཉིས་པའི་དབང་པོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟ་འགྲན་སྡུར་མགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས29ཉིན། དྭངས་གཙང་རྨ་ཆུ། མཚོ་ཤར་སྐོར་སྐྱོད་ཅེས་པའི2026ལོའི་སྐབས་བཅོ་ལྔ་པའི་སློབ་ཆེན་པས་རབ་མཛེས་མཚོ་སྔོན་བསྐོར་བ་དང་སྐབས་བཅུ་གཉིས་པའི་རབ་མཛེས་མཚོ་སྔོན་དབང་པོ་སྐྱོན་ཅན་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དུ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ན་གཞོན་སློབ་མ་དང་དབང་པོ་སྐྱོན་ཅན་ལུས་རྩལ་པ་བརྒྱ་ལྷག་རྨ་ཆུའི་འགྲམ་ངོགས་སུ་འཛོམས་ནས། ཉིན་གཉིས་རིང་གི་མཐོ་སྒང་མྱུར་འགྲན་དགྱེས་སྟོན་ཞིག་མགོ་བརྩམས།

སྐབས་འདིའི་འགྲན་སྡུར་ནི་འདྲ་མཉམ་དང་མཉམ་འདྲེས། མཉམ་སྤྱོད་གསུམ་བརྗོད་དོན་སྲོག་ཤིང་དུ་བཟུང་ཞིང་། རབ་མཛེས་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་དག་གིས་མཉམ་འབྲེལ་གཙོ་སྒྲུབ་བྱས་ཤིང་། འདི་ནི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་འགྲན་སྡུར་ཅན་གྱི་ཁྱད་ལྡན་སྐྱེ་བསྲིང་སྤུས་རྟགས་འགྲན་སྡུར་ཞིག་ཡིན། སློབ་ཆེན་པའི་འགྲན་སྡུར་ནི་རྒྱལ་ཡོངས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཆེན་པ་ཕོ་ཡི་འགྲན་སྡུར་དུ་ཚད་བཀག་བྱས་ཡོད་ལ། དབང་པོ་སྐྱོན་ཅན་འགྲན་སྡུར་དུ་ནང་སོག་དང་ཅང་ཞི། ཀོས་ཀྲིག ། མཚོ་སྔོན་སོགས་ཞིང་ལྗོངས་དགུ་ཡི་འགྲན་ཞུགས་པ་རྣམས་གདན་ཐོག་གཅིག་ཏུ་འཛོམས་ནས་འགྲན་སྡུར་བྱེད་རྒྱུ་ཡིན་ལ། དེ་རུ་ཕོ་མོ་ཉན་ཤུགས་ཚན་ཆུང་དང་། དབང་ལག་ཚན་ཆུང་བཅས་ཚན་སྐོར་གཉིས་དང་རྣམ་གྲངས་བཞི་རུ་དབྱེ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འགྲན་སྡུར་ནི་འགྲན་རིམ་གཉིས་སུ་དབྱེ་ནས་གོ་རིམ་ལྡན་པའི་ངང་སྤེལ། འགྲན་རིམ་དང་པོ་ནི་དཔའ་ལུང་རྫོང་མཚེ་མགུར་ཁུལ་གསར་གྲོང་ཁྱེར་བསྐོར་བའི་འགྲན་སྡུར་ཡིན་ལ། ལམ་ཧྲིལ་པོར་སྤྱི་ལེ28.02ཡོད་པ་དང་། འགྲན་རིམ་གཉིས་པ་ནི་མཚེ་མགུར་ཁུལ་གསར་ནས་ནང་སྟོད་གྲོང་རྡལ་བར་གྱི་ཚན་སྐོར་ཆེ་བའི་འགྲན་སྡུར་ཡིན་ཞིང་། ལམ་ཧྲིལ་པོར་སྤྱི་ལེ24.71ཡོད་ལ། འགྲན་ལམ་དུ་རྨ་ཆུའི་འགྲམ་རྒྱུད་ཀྱི་མཛེས་ལྗོངས་དང་མཐོ་སྒང་མཁར་གྲོང་མཛེས་ལྗོངས་དག་རྒྱུན་ཡོད་པ་དང་། འགྲན་སྡུར་རང་བཞིན་དང་ལྟད་མོ་རང་བཞིན། ས་ཁོངས་རང་བཞིན་གྱི་ཁྱད་ཆོས་འཛོམས་ཡོད།

འགྲན་སྡུར་གྱི་སྐབས་སུ། ན་གཞོན་སློབ་དང་དབང་པོ་སྐྱོན་ཅན་འགྲན་ཞུགས་པས་སྟེགས་བུ་གཅིག་ཏུ་འགྲན་སྡུར་བྱས་ཤིང་། ནན་ཏན་སྒོས་འགྲན་སྡུར་གྱི་སྒྲིག་ལམ་དང་། ཤན་འབྱེད་པ་བརྩི་བཀུར། འགྲན་ཡ་བརྩི་བཀུར། འགྲན་ར་བརྩི་བཀུར་བྱས་ཏེ། མཐོ་སྒང་འགྲན་ལམ་དུ་རླུང་ལ་འཕུར་རྩལ་འགྲན་ཞིང་། རང་སེམས་ཐོལ་བརྒལ་བྱས་ཏེ། སློབ་ཆེན་པས་ལང་ཚོའི་གཟི་དཔལ་ངོམ་ཞིང་། དབང་པོ་སྐྱོན་ཅན་ལུས་རྩལ་པས་ཤུགས་ཆེན་པོས་རང་སྟོབས་ལས་བརྒལ་བ་དང་། དབང་པོ་སྐྱོན་ཅན་དང་བདེ་ཐང་མཉམ་འདྲེས་སྐུལ་འདེད་བཏང་ནས། སློབ་ཆེན་ལུས་རྩལ་པ་དང་། དབང་པོ་སྐྱོན་ཅན་ལུས་རྩལ་པའི་འབད་བརྩོན་ལྷོད་མེད་དང་ཕམ་པར་མི་སྐྲག་པའི་ལུས་རྩལ་པའི་སྙིང་སྟོབས་རྗེན་པར་མངོན་ཡོད།

འགྲན་སྡུར་འདི་ནི། རྒྱལ་ཡོངས་ལུས་རྩལ་སྤེལ་རེས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ཟམ་མི་ཆད་པར་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་རྨང་གཞི་སྲ་བརྟན་དུ་བཏང་ནས། གསོན་ཉམས་ལྡན་པའི་ངང་འབད་པ་ཡར་ཐོན་དང་། མཉམ་འདྲེས་མཉམ་སྐྱོད་ཀྱི་དུས་རབས་གསར་རླུང་ཞིག་འཕྱུར་དུ་བཅུག །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།